ལོ་ངོ་བཞི་བཅུའི་ལོ་རྒྱུས་བློ་ངོར་ངེས། མ་འོངས་ལམ་ཆེན་ཐོག་ཏུ་མདུན་བསྐྱོད་བྱེད།

དཔྱིད་ཟླ་ར་བའི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་དཔྱིད་དཔལ་རབ་ཏུ་བཞད་ཅིང། དམར་མདངས་བཀྲ་བའི་སྟག་མའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་བཞད་པའི་དུས་ཚིག་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༦ ཉིན་མོ་འདི་ནི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཞི་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། དེ་ཉིིན་འཛམ་གླིང་ས་གནས་གང་སར་གནས་པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ས་གནས་སྒྲིག་འཛུགས་ཁག་ནས་ཀྱང་དུས་ཚིག་དེ་དང་སྟབས་བསྟུན་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དུས་དྲན་དེར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་ལྟར། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་ས་གཉིས་ནས་ཀྱང་དེ་ཉིན་སྔ་དྲོའི་ཕྱག་ཚོད་བདུན་པའི་ཐོག་བཞུག་སྒར་ལྷ་རྒྱལ་རིར་དུས་དྲན་དེར་སྲུང་བརྩི་ཞུ་བའི་མཛད་སྒོ་ཟབ་རྒྱས་ཞིག་གོ་སྒྲིག་ཞུས་ཡོད།དེ་ཉིན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་རྣམ་པ་དང་སྤྱི་ཟུར། རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དབུས་རྒྱུན་ཟུར་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། རྡ་སར་གནས་བཞུགས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སེར་སྐྱ་མི་མང་མང་པོ་ཞིག་ཀྱང་མཛད་སྒོར་མཉམ་བཞུགས་གནང་ཡོད། སྔ་དྲོའི་ཕྱག་ཚོད་བདུན་པར་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་རྣམས་པས་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང། དེ་རྗེས་དངོས་གཞིའི་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་དོན་དུ་དུས་ཡུན་སྐར་མ་གཅིག་རིང་

ངག་བཅད་མྱང་ངན་གྱི་གུས་འདུད་ཞུས་ཡོད།

དེ་རྗེས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་དྲུང་ཆེ་ངག་དབང་བློ་བཟང་མཆོག་ནས་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཞི་བཅུ་འཁོོར་བའི་དུས་དྲན་གྱི་ཡིག་ཐོག་གཏམ་བཤད་སྒྲོག་སྦྱང་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ངོ་སྒྲོལ་མ་ཚེ་རིང་མཆོག་ནས་མི་རབས་རྒན་པའི་བཀའ་དྲིན་རྗེས་དྲན་གྱི་ཕྱག་འཁྱེར་གསོལ་བརྩལ་གནང་བ་མ་ཟད། དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་ཡོད། དེ་ཡང་ཚོགས་གཞོན་མཆོག་ནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་འདས་པའི་མི་ལོ་བཞི་བཅུའི་རིང་སྐབས་རིམ་བྱུང་གི་རྒྱུན་ལས་ཚོས་བསྟན་སྲིད་མི་རིགས་སྤྱི་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་ལམ་སྟོན་ཐོག་ཤར་བསྐྱོད་གནང་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། བོད་དོན་བདེན་མཐའ་བསེལ་ཐབས་ཀྱི་དབུ་མའི་ལམ་གྱི་བྱུང་རིམ་སོགས་ཀྱི་ཐད་སློབ་སྦྱོང་བྱས་ཏེ་འགྲེལ་བཤད་རྒྱག་སར་སླེབས་དུས་གདེང་ཚོད་ཆེན་པོས་འགྲེལ་བཤད་རྒྱག་ཐུབ་པ་དགོས་སྐོར་དང་། ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་མི་མང་ཀྱི་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་མང་ཙམ་སྤེལ་དགོས་སྐོར་སོགས་ཐུགས་རེ་གནང་ཡོད།ལོ་ངོ་བཞི་བཅུ་འདས་ཟིན། འདས་པའི་ལོ་ངོ་བཞི་བཅུའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས། ངེད་ཆོལ་ཁའི་སྒྲིག་འཛུགས་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིིད་དང་ལམ་སྟོན་ཐོག་ཤར་བསྐྱོད་བྱས་པའི་འབྲས་བུར་མགོན་པོ་གང་ཉིད་ནས་ཀྱང་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡ ཉིན་དབུས་གཙང་ཆོལ་ཁའི་བསྟན་བཞུགས་བསྟར་འབུལ་སྐབས། དེ་རིང་འདིར་ཁྱེད་རང་ཚོས་བརྟན་བཞུགས་ཕུལ་བར་ངོས་རང་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོས་ཀྱང་སྨོན་ལམ་ཡག་པོ་རྒྱོབས། ངོས་ནས་ཀྱང་སྨོན་ལམ་རྒྱག་རྒྱུ་ཡིན། གཅིག་ནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་དང་། གཉིས་ནས་ཁ་ལ་ཉན་པོ་བྱས་བྱས་ཏེ་བསྡད་དུས་དམིགས་བསལ་གྱི་དད་པ་དང་དམ་ཚིག་གིས་འབྲེལ་བའི་ནུས་པ་ཞིག་ཏན་ཏན་ཡོང་རྒྱུ་ཡིིན། དེར་བརྟེན་དེ་རིང་བརྟན་བཞུགས་འབུལ་རྒྱུ་དེ་གནད་འཁེལ་ཡག་པོ་ཡོང་རྒྱུ་ཡིན་ཞེས་བཀའ་བསྩལ་གནང་བ་ནི་ངེད་ཆོལ་ཁའི་སྒྲིག་འཛུགས་ཀྱི་གཟི་བརྗིད་དང་སྤོབ་པ་ཡིན་པ་མ་ཟད། གཞིས་བྱེས་དབུས་གཙང་བ་ཡོངས་ཀྱི་བསོད་ནམས་རེ་བའི་འབྲས་བུ་ཡིན་པ་སྨོས་མེད་ཡིན།

 

 

 

keyboard_arrow_up