དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ ༤༡ འཁོར་བའི་དུས་དྲན།

ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༦ ཉིན་ནི་འདི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ན་མི་ལོ་ཧྲིལ་པོ་ ༤༡ འཁོར་བའི་དུས་དྲན་ཞིག་ཡིན་པ་དང་།  དེ་ཉིན་དབུས་གཙང་ཆོལ་ཁའི་ཚོགས་ཁང་ནང་སྔ་དྲོའི་ཕྱག་ཚོད་བདུན་པའི་ཐོག་ཚོགས་བཅར་བ་རིམ་བཞིན་ངོ་ཕེབས་གནང་བ་དང་།  དེ་རྗེས་སྐུ་མགྲོན་དབུ་འཛུགས་གནང་བ་དང་།  མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཉེ་ལམ་ཁམས་སྡེ་དགེ་ཁུལ་གྱི་ཛ་དྲག་གི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པའི་གཞིས་ལུས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད།  བཙན་བྱོལ་གཞུང་དང་སྒྲིག་འཛུགས་ཆེད་མི་ཚེ་བཟང་མཐར་འཁྱོལ་བའི་ཚེ་འདས་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག་དང་ཆེས་མཐོའི་ཁྲིམས་དཔོན་ཟུར་པ་བློ་དར་མཆོག་ལ་མྱང་ངན་གྱི་གུས་འདུད་དང་སྦྲགས་ངག་བཅད་སྐར་མ་གཅིག་གནང་རྗེས་ཚང་མ་སྐུ་བཞུགས་ཐོག་རྟེན་འབྲེལ་མཚོན་བྱེད་སྐུ་མགྲོན་དང་མི་མང་རྣམས་ལ་གསོལ་ཇ་དང་འབྲས་སིལ་འདེེགས་འབུལ་ཞུས་ཡོད།

གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་དང་།  དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག།དབུས་གཙང་ཆོལ་ཁའི་སྤྱི་འཐུས་ལྷན་རྒྱས།  དེ་བཞིན་རྡ་ས་ས་གནས་བདེ་དོན་མཆོག་དང་།  ས་གནས་རང་བདེན་ཚོགས་ཆུང་གི་སྐུ་ཚབ།  དེ་བཞིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམས་རང་རང་སོ་སོའི་མཚན་འཁོད་བཞུགས་གནས་སུ་འཁོད་མཚམས།  མཛད་རིམ་གཙོ་སྐྱོང་བས་མཛད་སྒོདེ་རྗེས་དབུས་གཙང་ཆོལ་ཁའི་དབུས་ཀྱི་ཚོགས་གཙོ་སྐུ་ངོ་ཟླ་བ་ཚེ་རིང་མཆོག་ནས་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་ཡང་ཁོང་ནས་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཀྱང་ཡར་རྒྱས་ཡོང་ཐུབ་མིན་ནི་སྒྲིག་འཛུགས་དང་མི་མང་ཕྱོགས་གཉིས་ཀའི་འབད་བརྩོན་ལ་བརྟེན་དགོས་པ་ལས་སྒྲིག་འཛུགས་གཅིག་པུའི་ནང་མི་འགའ་ཤས་ཀྱིས་ཇི་ཙམ་དཀའ་ལས་བརྒྱབ་ཀྱང་ཡར་རྒྱས་ཡོང་མི་ཐུབ་པ་གསལ་པོ་རེད། ད་ཐེངས་ཀྱི་མཛད་སྒོ་འདིར་རྡ་རམ་ས་ལའི་ཉེ་འཁོར་དུ་ཡོད་པའི་དབུས་གཙང་མི་མང་དེ་ཙམ་མང་པོ་བཅར་མེད་པ་དེར་ང་རང་སྒེར་ངོས་ནས་ཡིན་ནའང་འདྲ།  སྐབས་བཅུ་བཞི་པའི་རྒྱུན་ལས་ངོས་ནས་བློ་ཕམ་ཡོད་སྐོར་རྒྱུད་ལམ་འདི་ནས་ཞུ་འདོད་བྱུང།  དེ་ལྟར་བྱས་ཚེ་བོད་རང་བཙན་དང་བོད་རྒྱལ་ཁབ་སླར་གསོ། སྒྲིག་འཛུགས་ཡར་རྒྱས། ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ་སོགས་སྤྲོས་བྲལ་རེད་ཅེས་ཞུ་མ་ཆོག་པ་ཧ་ལམ་མེད་ཅེས་དང་།  ལྷག་པར་དུ་ཚོགས་གཙོ་མཆོག་ནས་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་གྱི་རིང་དབུས་གཙང་མི་མང་ནས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་དང་ཁ་ལ་ཉན་པོ་བྱས་པའི་དབང་གིས་༸གོང་ས་མཆོག་ཀྱང་ཐུགས་དགྱེས་མཉེས་ཆེན་པོའི་བྱུང་བའི་བྱུང་རབས་ལོ་རྒྱུས་དང་།  མི་རབས་རྙིང་པ་ཚོས་ཆོལ་གསུམ་ཆིག་བསྒྲིལ་དང་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ཐོག་ཇི་ལྟར་ཤར་བསྐྱོད་གནང་བ་ལྟར་ད་ལྟའི་དབུས་གཙང་མི་མང་དང་མི་རབས་གསར་པ་ཚོས་མུ་མཐུད་རྒྱུན་འཁྱོངས་དགོས་སྐོར་ནན་བརྗོད་གནང་ཡོད། ཞིབ་ཕྲའི་བཀའ་སློབ་དབུས་གཙང་ཆོལ་ཁའི་ངོ་དེབ་ཀྱི་བརྙན་འཁོར་ནང་ཁོང་གི་བཀའ་སློབ་ཆ་ཚང་བཀོད་ཡོད་པས་གསན་གཟིགས་ཡོད་པ་ཞུ།

དེ་རྗེས་སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ནས་ན་བཟའ་ཆེན་མོ་བ་ཕུན་ཚོགས་ཚེ་རིང་ལགས་སུ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དབུས་གཙང་ཆོལ་ཁའི་ལོ་རྒྱུས་ཆེན་མོ་འབུལ་ལམ་ཞུས་རྗེས། དབུས་ཀྱི་དྲུ་ཆེ་ངག་དབང་བློ་བཟང་མཆོག་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་དང་། དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ས་རྒྱུན་ཟུར་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་པའི་མཇལ་དར་སྒྲོན་རྗེས།  དམིགས་བསལ་སྐུ་མགྲོན་དང་སྐུ་མགྲོན་གཙོ་བ་རྣམ་གཉིས་ནས་ད་ཐེངས་ཀྱི་དུས་དྲན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་བ་དང་། བཀའ་སློབ་གསུང་བཤད་ཆ་ཚང་འདི་ག་དབུས་གཙང་ཆོལ་ཁའི་ངོ་དེབ་ཀྱི་བརྙན་འཁོར་ནང་ཡོད་པས་དགྱེས་གཟིགས་ཡོད་པ་ཞུ། མཐའ་དོན་དབུས་རྒྱུན་བསྟན་འཛིན་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་ད་ཐེངས་ཀྱི་དུས་དྲན་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད།

keyboard_arrow_up