རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༣ཟླ་༡ཚེས་༡༧ཉིན།
ཟླ་འདིའི་ཕྱི་ཚེས་༢༦ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྷོ་བ་བརྒྱུད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་སུ་ཞབས་སོ་བདེ་བར་འཁོད་ཡོད་པ་རེད།
མགོན་པོ་གང་ཉིད་ཀྱིས་ཕེབས་ལམ་དུ་གྷོ་བའི་སྨན་ཁང་དུ་ཡོད་པའི་གང་ཉིད་ཀྱི་ཡོངས་འཛིན་གླིང་རིན་པོ་ཆེར་འཚམས་གཟིགས་ཕེབས་འདུག་པ་དང་། མོན་གྷོ་རུ་ཞབས་སོ་འཁོད་སྐབས་ཤཪ་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མི་མང་དང་། སློབ་ཕྲུག ཚོགས་ཞུགས་པ་བཅས་ནས་དར་དཀར་དང་། མེ་ཏོག བདུག་སྤོས་ཀྱི་ལམ་ནས་མགོན་པོ་གང་ཉིད་ལ་ཕེབས་བསུ་ཟབ་རྒྱས་ཞུས་གནང་འདུག
ཐེངས་འདིར་མགོན་པོ་གང་ཉིད་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་ཁྱོན་ཉིན་གྲངས་༦རིང་གི་༼ནང་པའི་ལྟ་གྲུབ་དང་ཚན་རིག་དབར་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ཐེངས་༢༦པའི་༽ཐོག་མཉམ་ཞུགས་གནང་ཡོད་པ་དང་། གཞན་ནང་མཁས་པའི་བགྲོ་གླེང་ཐོག་ཨ་རི་དང་། འཇར་མན། དབྱིན་ཡུལ། རྒྱ་གར་བཅས་ནས་ཚན་རིག་མཁས་དབང་༢༠ལྷག་ཙམ་དང་། ནང་ཆོས་ཐོག་མཁས་དབང་། བོད་ཀྱི་ཆོས་བརྒྱུད་ཁག་གི་སྐུ་ཚབ། བོད་རིག་ན་གཞོན་ཚན་རིག་ཐོག་སློབ་སྦྱོང་གནང་མཁན་བཅས་ཁྱོན་མི་གྲངས་༩༠༠ཙམ་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་བགྲོ་གླེང་གི་བརྗོད་དོན་གཙོ་བོ་སེམས་དང་། སྲོག ཀླད་པ། བེམ་རྫས། དེ་བཞིན་ཕྱིའི་ཡུལ་ཁམས་ཀྱི་གནས་ལུགས་དང་། ཤེས་པའི་དཀའ་གནད། སེམས་ཀྱི་རང་བཞིན་དང་བྱེད་ལས། སྒོམ་སྒྲུབ་ཉམས་ལེན་དང་ཚན་རིག་ཉམས་ཞིབ་དབར་མཉམ་ལས་་བྱེད་རྒྱུ་གང་ཡོད་མེད་སོགས་ཀྱི་སྐོར།
དེ་བཞིན་ཚན་རིག་གི་འཕེལ་རིམ་དང་ལོ་རྒྱུས། དེའི་ང་ཚོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་སེམས་ཀྱི་གནས་ལུགས་གོ་རྟོགས་བྱེད་ཚུལ་ལ་གསར་བརྗེ་ཇི་ལྟར་བྱས་ཡོད་མེད། ཚན་རིག་དང་སྲོལ་རྒྱུན་ནང་པའི་ལྟ་གྲུབ་ཀྱི་དོགས་གཅོད་བྱེད་ཐབས་དང་། ཚད་རྡུལ་དངོས་ཁམས་རིག་པ་དང་དབང་རྩའི་ཚན་རིག དེང་དུས་ནུབ་ཕྱོགས་པ་དང་ནང་པའི་ཤེས་པའི་ཐད་ཀྱི་བསམ་ཚུལ་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་ལུགས། བགྲོ་གླེང་གོ་སྒྲིག་པ་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རྡོ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

keyboard_arrow_up