༄༅།  ། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཆེན་རྒྱས་པ་ དང་འགན་ འཛིན་ལྷན་ཚོགས་ཐེངས་བཅིུག་པ།

 བོད་རྒྱལ་ལོ་ ༢༡༢༩ ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༣ བར།

དབུས་རྒྱུན་སྐབས་བཅིུག་པའི་ལས་བསྡོམས་སྙིང་བསྡུས།ཚོགས་ཡུལ།     དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང།

 དཀར་ཆགས།

ཀ།        ༸རྒྱལ་བའི་སྐུ་ཕྱྭ་དང་ཆོས་ཕྱོགས་ཀྱི་ཞུ་སྒོ་ཁག།ཁ།        ཆབ་སྲིད་དང་འབྲེལ་བའི་ལས་འགུལ།ག།        ཆོལ་ཁའི་སྒྲིག་འཛུགས་ཚགས་ཚུད།         ང་།        སྤྱི་ཁྱབ་ལས་ཁུངས་ཀྱི་འཛིན་སྐྱོང་དང་ས་ཁང་གི་གནས་བབ།ཅ།         སྤྱི་ཚོགས་ཞབས་ཞུ།

ཆ།         འཚམས་འདྲི་སྣེ་ལེན།  ཇ།         རྒྱུན་གཏན་འབྲེལ་མཐུད།ཉ།         སྤྱི་ཁྱབ་ལྷན་ཁང་གི་དཔལ་འབྱོར་གྱི་གནས་སྟངས།

༄༅།།    བོད་རྒྱལ་ལོ་ ༢༡༣༨  རབ་གནས་ལྕགས་ཡོས།   ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས། བོད་རྒྱལ་ལོ་༢༡༣༩ རབ་གནས་ཆུ་འབྲུག། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣༠ བར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་སྐབས་བཅིུག་པའི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཞུས་པ་གཤམ་གསལ།

 

     ༸རྒྱལ་བའི་སྐུ་ཕྱྭ་དང་ཆོས་ཕྱོགས་ཀྱི་ཞུ་སྒོ་ཁག།

༡) དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་བཅིུས་པའི་གྲོས་ཆོད་དགོངས་དོན་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་དབུས། བདེ་སྲུང་ལས་ཁུངས་དང་འབྲེལ་ཡོད་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་བཅས་ནས་ད་ཕན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་འགན་སྲུང་ཐོག་ཐུགས་སྣང་ཆེན་པོའི་ཐུགས་འཁུར་ཆེ་བཞེས་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། ད་དུང་གནད་དོན་འདིའི་ཐད་གལ་པོ་ཆེ་ལ་ནན་ཏན་ཞེས་དཔེ་ལྟར་དགོངས་བཞེས་ཀྱིས་འགན་སྲུང་སྔར་ལྷག་ཚགས་ཚུད་དམ་དོན་ཡོང་བའི་འབོད་བསྐུལ་ཡིག་ངག་གཉིས་ཀྱི་ཐོག་སྙན་གསོལ་ཞུས་འབྲས།  འབྲེལ་ཡོད་ལས་ཁུངས་ཁག་ནས་ཀྱང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་གནད་དོན་ལ་ཐུགས་སྣང་ཆེན་པོས་དགོངས་འཆར་ཕུལ་འབྱོར་བྱུང་བར་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་གནད་དོན་འདིའི་ཐད་ཕྱག་བསྟར་སྔར་ལྷག་ཞུ་ཆོག་པའི་ཞལ་བཞེས་བཟང་པོ་ཐོབ་པ་བྱུང།

༢) ཕྱི་ལོ་ ༢༠༡༢ ཟླ་ ༥ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཊེམ་ལེ་ཊོན་ (Templeton) གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་སྐབས་ཕྱི་ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་དབྱིན་ཇི་གློག་འཕྲིན་གསར་ཤོག་གི་གསར་འགོད་པའི་བཅར་དྲིར་བཀའ་ལན་སྩལ་སྐབས་རྒྱ་ནག་གཞུང་གིས་རྫས་དུག་སྤྱད་དེ་ཁོང་གི་སྐུ་ཕྱྭར་སྡོ་བའི་ངན་བྱུས་སྤེལ་གྱི་ཡོད་ཚོད་འདུག་ཅེས་པའི་གསར་འགྱུར་ཐོས་མ་ཐག་དྷ་སར་རྟེན་གཞིས་བྱས་པའི་དབུས་ཆོལ་ཁ་གསུམ་གྱི་གཙོས་ཚོགས་སྐྱིད་ཁག་བཅིུག་གམ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡༦ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་པ་དང་འབྲེལ་ཡོད་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱི་དབུས་བདེ་སྲུང་ལས་ཁུངས་དང་དགའ་ལྡན་ཕོ་བྲང་གི་དབུས་མཛད་གཙོ་རྣམས་ལ་༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐོག་སྔར་ལྷག་དམ་དོན་ཚགས་ཚུད་ཡོང་སླད་འབོད་བསྐུལ་ཡིག་ངག་གཉིས་ཐོག་ནས་སྙན་གསོལ་ཞུས་འབྲས་འབྲེལ་ཡོད་ལས་ཁུངས་ཁག་ནས་ཞུ་དོན་ལྟར་དོན་གནད་ཁག་གི་ཐོག་ལག་བསྟར་གང་ཐུབ་ཞུ་རྒྱུར་འབད་བརྩོན་སྔར་ལྷག་ཞུ་ཆོག་ཅེས་ཞལ་བཞེས་བཟང་པོ་ཐོབ་པ་བྱུང།

༣) རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ནང་བོད་མི་བརྒྱ་ཕྲག་མང་པོའི་རང་སྲོག་ཤོར་བ་དང་གཞིས་ལུས་རྒྱ་ཆེའི་མི་མང་གིས་འཐབ་རྩོད་ཀྱི་ལས་འགུལ་ནི་ཚད་མཐོ་བའི་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཞག་ཐོག་རྒྱ་དམར་གཞུང་གིས་བོད་མི་ཚོར་རྒྱལ་གཅེས་ཆོས་གཅེས་དང་༸གོང་ས་མཆོག་ལ་ངོ་རྒོལ་དགག་རྒྱག་བྱེད་དགོས་ཟེར་བ་དང་ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་འགྲོ་བ་མིའི་ཐོབ་ཐང་མི་སྤྲོད་པ་སོགས་ཀྱི་འབུར་འཇོམས་དང་བརྡུང་འདེགས་ཚ་ནན་གཏོང་དགོས་ཟེར་བའི་གདུག་རྩུབ་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྔ་འགྱེལ་རྗེས་མཐུད་ཀྱིས་འཇིགས་ཞུམ་མེད་པའི་བོད་མི་རིགས་དཔའ་བོའི་ཉམས་བཟང་མངོན་པའི་ཞི་རྒོལ་འཐབ་རྩོད་གནང་མུས་དང། ལྷག་པར་ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་ལ་སྔར་བྱུང་མ་མྱོང་བའི་ཞི་རྒྱ་ཆེ་བའི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་བསྟན་སྲིད་དང་མི་རིགས་ཀྱི་རང་དབང་སླད་སྐུ་ལུས་མཆོད་མེར་འབུལ་མཁན་རྣམས་ཀྱིས་མཚོན་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་བཙོན་ཁང་ནང་དུ་མི་ཆོས་ལས་འདས་པའིི་མནར་སྤྱོད་འོག་ཉིན་མཚན་འཁྱོལ་དཀའི་དཀའ་སྡུག་མྱོང་བཞིན་པའི་སྤུན་ཟླ་ཚོའི་ཆེད་དུ་དབུས་ཆོལ་ཁ་གསུམ་གྱི་གཙོས་ཚོགས་སྐྱིད་བཅིུག་གམ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་དྷ་ས་ཁུལ་དུ་གནས་བཞུགས་བླ་སྤྲུལ་རྣམས་དང་གྲྭ་བཙུན་སྔགས་པ་བཅས་ཀྱི་མཚོན་བཞུགས་སྒར་ཁུལ་གྱི་མི་མང་རྣམས་གདན་ཞུས་ཀྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་གྲུབ་དང་འབྲེལ་མཆོད་འབུལ་རྒྱས་པ་གཤམ་འཁོད་ཚེས་གྲངས་ཁག་ལ་གནང་བ་མ་ཟད། ༢༠༡༢ ཟླ་ ༥ ཚེས་ ༡༧ ཉིན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་གྲྭ་བཙུན་སྔགས་པ་བཅས་དང་མི་མང་ལྷན་བཞུགས་ཐོག་འབུམ་ཚོགས་དང་འབྲེལ་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་ཞུས།  མཆོད་འབུལ་སྨོན་ལམ་སྐབས་སྔ་དགོང་གསོལ་ཇ་བཞེས་བག་དང་ཉིན་དགུང་གསོལ་ཚིགས་དཀར་སྐྱོང་དང།    དེ་བཞིན་བླ་སྤྲུལ་དགེ་འདུན་པ་རྣམས་ལ་སྐུ་ཡོན་བཅས་འབུལ་ཐུབ་པ་བྱུང།  ཕྱི་ལོ་༢༠༡༡ ཟླ་ ༤ ཚེས་ ༢༦ དང། ཟླ་ ༦ ཚེས་ ༧།  ཟླ་ ༨ ཚེས་ ༢༢།   ཟླ་ ༡༡ ཚེས་ ༥།  ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༢།   ཟླ་ ༧ ཚེས་ ༡༩།  ཟླ་ ༨ ཚེས་ ༢༥། ཟླ་ ༩ ཚེས་ ༡༦ བཅས་སོ་སོར་མཆོད་འབུལ་ཞུས་པ་ལགས།

༤)  གཞུང་འབྲེལ་ཚོགས་པ་དང་དེ་མིན་གྱི་ཚོགས་པ་ཁག་གིས་༸རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་དང་འབྲེལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་བ་ཁག་ལ་འདི་ག་དབུས་སྤྱི་ཁྱབ་ལས་ཁང་ནས་རྒྱབ་བསྐྱོར་དང་འབྲེལ་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

ཁ།     ཆབ་སྲིད་དང་འབྲེལ་བའི་ལས་འགུལ།

༡)  དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཟུར་རྒྱན་གྲོས་ཆོད་གཉིས་པའི་དགོངས་དོན་བཞིན་ཕྱི་ལོ་ ༢༠༡༢ ཟླ་༥ ཚེས་༢ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༤།༣༠ ཐོག་འདི་ག་ཚོགས་གཙོ་གཙོས་ངོ་བཞུགས་དབུས་རྒྱུན་ལས་པ་རྣམས་བཀའ་ཁྲི་མཁས་དབང་ཟབ་གདོང་རིན་པོ་ཆེའི་ཡིག་ཚང་དུ་བཅར་ཏེ་ཚོགས་ཆེན་གྱི་གྲོས་ཆོད་ངོ་བཤུས་ཤིག་ཕུལ་བ་དང་སྦྲགས་བཀའ་ཁྲི་མཆོག་གིས་སྤྱིར་མཛད་འཕྲིན་གང་གནང་བསྟན་པ་དང་འགྲོ་བའི་དོན་འབབ་ཞིག་དུ་སོང་བ་མངོན་པར་བསྟོད་ཅིང་། ལྷག་པར་དུ་སྐུ་ཉིད་ཀྱིས་སྐུ་གཞོན་ནུའི་དུས་ནས་ད་ལྟའི་བར་དུ་ཤེས་གཉེར་བསྟན་ཚུལ་བསམ་གྱི་མི་ཁྱབ་པ་བསྐྱངས་བ་དང་གཟེངས་སུ་ཐོན་པའི་བྱས་རྗེས་རླབས་ཆེན་འཇོག་གནང་མཛད་པར་གཞིས་བྱས་གཉིས་སུ་གནས་པའི་དབུས་གཙང་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་བྱས་པ་ཤེས་པའི་སྒོ་ནས་བསྐྲིན་རྗེས་དྲན་དང་སྦྲགས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུས་པ་དང་།  སླད་ཀྱང་༸གོང་ས་མཆོག་གི་དབུ་འོག་དཔུངས་འདེགས་ཀྱིས་རླབས་ཆེའི་ཞབས་ཞུ་མུ་མཐུད་སྐྱོང་བཞེས་ཡོང་བའི་གསོལ་འདེབས་ཡིག་ངག་གཉིས་ཐོག་ནས་ཞུས་འབྲས་བཀའ་ཁྲི་མཆོག་ནས་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་དང་བོད་སྤྱི་བའི་རྩ་དོན་སླད་མུ་མཐུད་ཞབས་ཞུ་མཛད་རྒྱུའི་ཞལ་བཞེས་གནང།

༢)  ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༦ ཉིན་སྦེལ་འཇམ་བོད་རིགས་ཚོགས་པས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འབུལ་བཞེས་མཛད་སྒོ་ཞིག་གོ་སྒྲིག་ཞུས་བསྟུན་དབུས་ཚོལ་ཁ་གསུམ་གཙོས་ཚོགས་སྐྱིད་བཅིུག་གམ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཁོང་གིས་སྐུ་གཞོན་ནུའི་དུས་ནས་ད་ལྟ་བར་བོད་སྤྱི་བའི་རྩ་དོན་དང་ལྷག་པར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་རླབས་ཆེའི་ཞབས་ཞུ་ལ་བསྔགས་བརྗོད་ཡིད་རངས་ཞུ་བ་དང་འབྲེལ་བཀའ་དྲིན་རྗེས་དྲན་ཞུ་མཚོན་སླད་གོས་ཆེན་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་ཐང་གཅིག་དང་རག་ཟངས་ལས་བསྐྲུན་པའི་འཇམ་དཔལ་དབྱངས་ཀྱི་སྐུ་གཅིག་བཅས་ཕུལ་ཐུབ་པ་དང།  མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་མི་མང་ཡོངས་ལ་གསོལ་ཇ་ཞལ་ཏོག་ཀྱང་ཕུལ་ཐུབ་པ་བྱུང།

༣)   ཕྱི་ལོ་ ༢༠༡༡ ཟླ་བ་ ༨ ཚེས་ ༨ ཉིན་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་བཀའ་ཤག་སྐབས་བཅུ་བཞི་པའི་འདམས་ཐོན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གི་གཞུང་འབྲེལ་ཁྲི་འདོན་དམ་འབུལ་མཛད་སྒོའི་ཐོག་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་དང་མི་མང་ཡོངས་ལ་བཀྲིས་རྟེན་འབྲེལ་གྱི་དགའ་སྟོན་མཚོན་སླད་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་པ་དང།  ཕྱི་ཚེས་ ༩ མཛད་སྒོ་ཉིན་གཉིས་པའི་སྐབས་བཀའ་ཁྲི་མཆོག་ལ་འཚམས་འདྲི་དང་འབྲེལ་མ་འོངས་ཕྱག་ལས་གང་ཅིའི་ཐད་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་བཅས་དགའ་བསུའི་བཀྲིས་མཇལ་དར་ཕུལ་ཐུབ་པ་བྱུང།

༤)  བོད་བསྟན་སྲིད་དང་མི་རིགས་རང་དབང་སླད་ལུས་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་སྨོན་འདུན་དང་སྡུག་སྦྱོང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང། བོད་ནང་གི་ཛ་དྲག་གནས་སྟངས་དང་གཞིས་ལུས་རྒྱ་ཆེ་མི་མང་གིས་ཞི་རྒོལ་འཐབ་རྩོད་ལ་རྒྱབ་སྐྱོར་སླད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་མ་ཟད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྤེལ་བ་དེ་དག་ལ་རྒྱབ་བསྐྱོར་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།

༥)  ཕྱི་ལོ་ ༢༠༡༢ ལོ་ནི་བོད་དོན་རྒྱབ་སྐྱོར་གྱི་ལོར་སྲུང་བརྩི་ཞུ་རྒྱུར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དབུས་དང་མངའ་སྡེའི་འཐུས་མི་ཚོར་བོད་དོན་སྐོར་དང་བོད་ནང་གི་ད་ལྟའི་གནས་སྟངས།  ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཇི་ཡིན་སོགས་འགྲེལ་བཤད་བྱས་ཏེ་གོ་རྟོགས་སྤེལ་ཐུབ་པ་བཟོ་དགོས་ཞེས་རང་གཞུང་བཀའ་ཤག་གིས་གསུམ་བཅུའི་དུས་དྲན་གྱི་གསུངས་འཕྲིན་བསྩལ་དོན་བཞིན།  འདི་ག་དབུས་ལས་ཁང་ནས་རྒྱ་གར་དབུས་དང་མངའ་སྡེའི་དཔོན་རིགས་ཁག་ཅིག་ལ་རྒྱ་གར་གཞུང་མང་གཉིས་ནས་ནམ་ཡང་བརྗེད་ཐབས་མེད་པ་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀྲིན་རྗེས་དྲན་ཞུ་བ་དང་ཆབ་ཅིག་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་དུས་ཚིག་གཉན་ཕྲང་ཅན་དེར་ཁྱེད་རྣམས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཕྱག་བྲིས་ཕུལ་འབྲས་དཔོན་རིགས་ཁག་ཅིག་ནས་བོད་མིའི་འགྱུར་བ་མེད་པའི་སྙིང་སྟོབས་དང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་ལ་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཡོད་ཅེས་བཀའ་ལན་འབྱོར།

༦)  ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གིས་རྒྱ་གར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་བསྔགས་བརྗོད་རྗེས་སུ་ཡི་རང་ཞུ་བ་དང།   ཁོང་རྣམས་ཀྱིས་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་ཕྱག་བྲིས་ཕུལ་བ་དང་སྦྲགས་དངུལ་དངོས་ཀྱི་མཐུན་འགྱུར་སྦྱར་བ་མ་ཟད་ལམ་བར་དུ་མ་དང་བོུ་གཉིས་ལ་མི་ངན་གྱིས་བྱ་ངན་བྱེད་སྲིད་ངོས་འཛིན་གྱིས་ཉེན་སྐྱོབ་ཆེད་ཚོགས་པ་གཉིས་རེ་ནས་འཐུས་མི་རེ་བདུན་གཅིག་རིང་རེས་མོས་ཐོག་མ་བུ་གསུམ་བལ་ཡུལ་ས་མཚམས་སུ་མ་འབྱོར་བར་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་དང་ཚོགས་པ་རེ་ནས་ཧིན་སྒོར་ཁྲི་གཉིས་རེ་བསྡུ་རྒྱུ་དང། ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ནས་བདུན་གཅིག་རིང་དབུས་གཙང་ཆོལ་ཁའི་འཐུས་མིས་གོམ་བགྲོད་ལས་འགུལ་ནང་དངོས་སུ་ཞུགས་ཏེ་རྒྱབ་བསྐྱོར་གནང་ཐུབ་པ་བྱུང།

༧)  ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ སྔ་དྲོ་ཕྱག་ཚོད་ ༦ ཐོག་ངོ་བཞུགས་དབུས་རྒྱུན་ལས་པ་ཀང་ར་རུ་ (Kangra) རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་གདན་འདྲེན་ཞུ་བར་བཅར་བ་དང།  གཙུག་ལག་ཁང་དུ་བསྔོ་སྨོན་མཆོད་འབུལ་གྲུབ་མཚམས་ཉིན་གུང་ཕྱག་ཚོད་༡༢ ཡས་མས་སུ་སྐུ་ཕུང་ཞུགས་འབུལ་ཞུས་བར་བཅར།

༨)  ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༧ ཉིན་བོད་ནང་གི་རྫ་དྲག་གནས་སྟངས་དང་འབྲེལ་བའི་དབུས་གཙང་ཆོལ་ཁའི་ཚོགས་ཆེན་རྒྱས་པ་ཞིག་བསྐོངས་ཚོགས་གནང་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཐུབ་པ་བྱུང།

༩)   ཕྱི་ལོ་ ༢༠༡༢ ཟླ་བ་ ༧ ཚེས་ ༦ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐལ་བཟང་གི་འཁྲུང་སྐར་དུས་ཆེན་གྱི་དགའ་སྟོན་ལ་དྷ་ས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་དང་ས་གནས་བེུད་ཐོུང་ནས་གཞུང་འབྲེལ་གྱི་མཛད་སྒོར་༸གོང་ས་མཆོག་དབུ་བཞུགས།  སྐུ་མགྲོན་དང་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་ཐུབ་པ་བྱུང།

༡༠)  ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབྱིན་ཡུལ་གྱི་ཆེས་སྙན་གྲགས་ཅན་གྱི་ཊེམ་ལེ་ཊོན་གཟེངས་རྟགས་(Templeton Award) འབུལ་བཞེས་ཀྱི་མཛད་སྒོར་ཆིབས་འགྱུར་དང་ཡོ་རོབ་རྒྱལ་ཁབ་ཁག་དུ་མཚམས་གཟིགས་ལེགས་གྲུབ་བྱུང་ཏེ་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བཀྲིན་འཁོད་མཚམས་དྷ་ས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་བོད་མཐུན་གྲོགས་ཚོགས་པ་གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམས་གདན་ཞུས་ཀྱི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུངས་ཆོས་རྭ་བའི་སྟེང་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་ཀྱི་དགའ་སྟོན་མཛད་སྒོ་ཟབ་རྒྱས་ཞིག་གོ་སྒྲིག་ཞུས།

༡༡)  ཕྱི་ཟླ་ ༧ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་གནང་བའི་བདེན་པའི་མེ་ལྕེའི་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཌལ་ཧོར་ནས་ཀང་ར་རྫོང་ཀྱི་ས་མཚམས་སུ་འབྱོར་སྐབས་(Nurpur) ནུར་སྤུར་ས་གནས་སུ་ངོ་བཞུགས་དབུས་རྒྱུན་ལས་པ་གཉིས་ཕེབས་བསུར་བཅར་ཐུབ་པ་བྱུང་ཡོད།

༡༢)  དབུས་ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་ཕྱི་ཟླ་ ༩ ཚེས་ ༦ ཉིན་རྒྱབ་བྷག་སུ་གསོལ་མགྲོན་ཁང་(HOTEL BHAGSU)དུ་ཉེ་ལམ་ལ་དྭགས་སུ་༸གོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དོན།  ༸གོང་ས་མཆོག་གིས་ཐུགས་ཕམ་ཆེན་པོས་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་ལ་དྭགས་སུ་བོད་གཞུང་ཕྱིར་བསྡུ་བྱེས་ཏེ་བོད་གཞུང་མེད་པ་ཆགས་པ་རེད་ཧ་ཅང་སྐད་ལོག་བརྒྱབ་ཡོད། ཅེས་གསུངས་ཡོད་པ་ལུང་འདྲེན་ཐོག  དེ་ནི་བཀྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་མཇལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་།  ལོ་སྔོན་མར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཆབ་སྲིད་འགན་དབང་ཡོངས་རྫོགས་ཁྲིམས་མཐུན་གྱི་རྒྱུན་རྩིས་སྤྲོད་གནང་བ་ཐ་སྙད་ཙམ་དབུས་བོད་མིའི་སྒྲིག་འཛུགས་ཞེས་མིང་བསྒྱུར་བྱས་ཡོད་པ།  དེ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་༸གོང་ས་མཆོག་གིས་བོད་གཞུང་མེད་པ་བཟོས་ཚུལ་སོགས་ཀྱི་དཀྲོག་གཏམ་ཕྱི་ནང་གང་སར་བཀྲམས་པ་ནི།  ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩར་གས་ཆག་གཏོང་བྱེད་ཙམ་དུ་མ་ཟད། ༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཧ་ཅང་བློ་ཕམ་ཆེན་པོ་དང་༸གོང་ས་མཆོག་གི་བཀའ་དགོངས་ལོག་འགྲེལ་དང་གཞི་མེད་སྐྱོན་འཛུགས་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་དང་བོད་རིགས་ཡོངས་ནས་ཆེས་གཉན་འཕྲང་གི་སྐབས་འདིར་དགྲ་གཉེན་མགོན་གསུམ་མ་ནོར་བར།  རྣམ་དཔྱོད་དང་བློ་རིག་གིས་བརྡར་ཤ་ལེགས་པར་བཅད་དེ།  རང་ཚུགས་བརྟན་བཟུང་གནང་རྒྱུའི་འབོད་སྐུལ་ཀྱང་ཞུས།

   ག།    ཆོལ་ཁའི་སྒྲིག་འཛུགས་ཚགས་ཚུད།

༡)   གུས་ཅག་དབུས་རྒྱུན་ལས་པ་ཚོས་ཐུགས་འགན་བཞེས་མ་ཐག་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་ཁག་གི་གྲོས་ཆོད་དགོངས་དོན་བཞིན་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཚགས་ཚུད་ཡོང་སླད་ལས་འཆར་ལམ་སྟོན་ཞིག་གཏན་འབེབས་གནང་ཏེ་ས་གནས་ཁག་སོ་སོའི་གནས་བབས་ལ་གཞིགས་པའི་ལས་འགུལ་གང་ཐུབ་སྤེལ་ཐབས་ཡོང་བའི་འབོད་བསྐུལ་ཞུས་པ་བཞིན་ས་གནས་ཁག་འགའ་ཤས་ནས་ལས་འགུལ་ཅི་སྤེལ་གྱི་སྙན་ཐོ་དུས་ནས་དུས་སུ་ཕུལ་འབྱོར་བྱུང་སོང་ན་སྙན་ཐོ་གནང་མཁན་ས་གནས་ཁག་ལ་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ས་གནས་གཞན་རྣམས་ལ་ལས་འགུལ་སྤེལ་ཐབས་དང་སྙན་ཐོ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ལགས་ན།

༢)  གུས་ཅག་དབུས་རྒྱུན་ལས་པ་ཚོའི་འགན་བབས་ལས་འགན་ལེགས་སྒྲུབ་ཡོང་རྒྱུར་གལ་གནད་ཆེ་ཤོས་ཤིག་ནི་མང་ཚོགས་ལ་དབུས་ས་གཉིས་ཀྱིས་ལས་འགུལ་གང་སྤེལ་གྱི་ཡོད་མེད་དང་ཕྱག་ལས་གང་གནང་གི་ཡོད་མེད་སོགས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་དེ་ཡིན་པ་གཟིགས་ཀྱི་ཡོད།   དབུས་ལས་ཁང་ནས་ཀྱང་ད་ཕན་མང་ཚོགས་དང་ལྷན་དུ་ཚོགས་འདུ་ ༢༠༡༡།༤།༢༣     ༢༠༡༡།༩།༡༡    ༢༠༡༢།༤།༢༡   ༢༠༡༢།༧།༡   དང   ༢༠༡༢།༧།༢༦  བཅས་སོ་སོར་ཚོགས་འདུ་ཐེངས་ལྔ་ཙམ་བསྐོངས་ཚོགས་གནང་ཐུབ་པ་བྱུང་ཡོད།   ཚོགས་འདུར་ཆོལ་ཁའི་སྒྲིག་འཛུགས་ངོ་སྤྲོད་དང་སྒྲིག་འཛུགས་ཚགས་ཚུད་ཡོང་སླད་མི་མང་གི་རྒྱབ་སྐྱོར་དགོས་གལ་ཆེ་བའི་གནས་ལུགས་གསལ་བཤད་དང།   མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་དང།  ཚོགས་འདུར་དྷ་སར་གནས་བཞུགས་དབུས་རྒྱུན་ཟུར་པ་རྣམས་གདན་ཞུས་ཀྱིས་བཀའ་སློབ་ལམ་སྟོན་ཞུ་རྒྱུས་མཚོན་ཞུ་སྒོ་ཁག་འཐུས་ཤོར་མེད་པ་ཞུས་པ་དང།   དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ ཉིན་དབུས་གཙང་ཆོལ་ཁའི་བཀུར་འོས་སྤྱི་འཐུས་རྣམས་གདན་ཞུས་ཀྱིས་ལམ་སྟོན་བཀའ་སློབ་ཞུ་ཐུབ་པ་བཅས་བྱུང།

་                   ང།    སྤྱི་ཁྱབ་ལས་ཁུངས་ཀྱི་འཛིན་སྐྱོང་དང་ས་ཁང་གི་གནས་བབས།

༡)   གུས་ཅག་དབུས་རྒྱུན་སྐབས་ ༡༡ པ་རྣམས་རང་གིས་འཚོ་ཐབས་ལས་འགན་ཡོད་པ་དང་ཚོང་པ་ཤ་སྟག་ཡིན་པ་མ་ཟད།  ཕྱི་ནང་གིས་ཤེས་ཡོན་དང་ཉམས་མྱོང་གང་ཅིའི་ཐད་ནས་ཐུགས་ཕན་གསོས་པའི་ཞབས་ཞུ་ཡོང་རེ་བྲལ་ཡང་མང་ཚོགས་ཀྱིས་ཡིད་ཆེས་དང་རེ་བ་ཆུད་ཟོས་སུ་གཏོང་རྒྱུའི་བློ་སྤོབ་མ་རྙེད་སྟབས།  རང་ནུས་གང་ལྕོག་གིས་ཞབས་འདེགས་ཞུ་རྒྱུའི་ཁས་ལེན་ཞུས་པ་ལགས་ན།   ཚོགས་གཙོས་མཚོན་རྒྱུན་ལས་ངོ་བཞུགས་ཚོས་སུས་ལྕོགས་གང་ལྕོགས་ཀྱི་ལས་དོན་གང་ཅིའི་ཐད་འཐུས་ཤོར་མེད་པ་ཞབས་འདེགས་ཞུས་ཤིང། རེ་གཟའ་ཟླ་བ་ནམ་ཡིན་ལ་ངོ་བཞུགས་རྒྱུན་ལས་རྣམས་ནས་ཆེ་བཞག་ཆུང་སྐྱུར་གྱིས་ལྷན་འཛོམས་གནང་ཏེ་བདུན་རེའི་རྒྱུན་གཏན་གྱི་བྱེད་སྒོ་ཁག་ལག་བསྟར་དང་དོན་གནད་གལ་ཆེ་རིགས་ལ་གྲོས་བསྡུར་སྦྱང་བཤད་གནང་བ་དང།  ལས་དོན་གང་ཞིག་གི་ཆེད་གླ་རྒྱུག་རླང་འཁོར་མ་གླ་ཀ་མེད་རིགས་མ་གཏོགས་དེ་མིན་འཁོར་གླ་དང།  རྒྱུན་ལས་ལྷན་འཛོམས་དང་དབུས་གཙང་མི་མང་ལྷན་ཚོགས་སྐབས་གསོལ་ཇ་དང་ཞལ་ཏོག  ཞལ་ལག  ལས་གླ་ལ་སོགས་པ་སྤྱི་དངུལ་ནས་ཞུས་རིགས་བྱུང་མེད།

༢)  དབུས་གཙང་མི་མང་གི་ཚོགས་འདུའི་སྐབས་དང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འགའ་ཤས་ཀྱིས་དྲ་རྒྱའི་སྟེང་དབུས་གཙང་ཆོལ་ཁའི་དྲ་ཚིགས་ཤིག་བཟོ་གལ་ཆེ་ལུགས་ཀྱི་དགོངས་ཚུལ་གསུངས་པ་བཞིན། དབུས་ལས་ཁང་ནས་ཆོལ་ཁའི་དྲ་ཚིགས་ཤིག་བཟོས་ཏེ་དྲ་རྒྱའི་སྟེང་གཟིགས་རྒྱུ་ཡོད་པ་དང།  མ་འོངས་པར་ས་གནས་ཁག་དང་དབུས་གཙང་རྒྱ་ཆེའི་མང་ཚོགས་ལ་གསལ་བསྒྲགས་རིགས་དྲ་རྒྱ་བརྒྱུད་གནང་རྒྱུ་མ་ཟད་ཡར་རྒྱས་ལ་མཐའ་མེད་པར་སོང་བས་དུས་ནས་དུས་སུ་དྲ་ཚིགས་ཀྱི་བཟོ་བཀོད་དང་གང་ཅིའི་ཐད་ཡར་རྒྱས་གཏོང་རྒྱུ་ལགས་ན་ཆོལ་ཁའི་དྲ་ཚིགས་ཀྱི་མིང་ལ་(www.utsang.org)ཡིན།

༣) ཆགས་འཇིགས་སུ་གྱུར་བའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་སླར་གསོ་སླད་དུ་མཛད་རྗེས་གཟེངས་སུ་ཐོན་པ་བསྒྲུབས་དང་སྒྲུབ་བཞིན་པའི་དབུས་གཙང་ཆོལ་ཁའི་མི་བོ་དག་གི་བཀྲིན་རྗེས་དྲན་ཆེད་བྱས་པོ་རྣམས་ཀྱི་བྱས་རྗེས་འབྱུང་འགྱུར་གཞོན་སྐྱེས་ཀྱི་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་ནི་གལ་ཆེར་སོང་བལྟ་ཀློག་བདེ་བའི་ལོ་རྒྱུས་དེབ་ཆུང་ཕྱོགས་སྒྲིག་གསར་བསྐྲུན་ཆེད་ཡིག་ཚང་དུ་སྐབས་འཕྲལ་ལས་བྱེད་གཉིས་བསྐོ་བཞག་གནང་སྟེ་ཕྱག་ལས་གནང་མུས་སུ་ཡོད་ལགས་པ།

༤)  དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་ས་ཆའི་སྐོར་གཞི་རྩའི་གནས་སྟངས་ཚང་མས་མཁྱེན་གསལ་རེད། དབུས་རྒྱུན་སྐབས་བརྒྱད་པའི་སྐབས་ས་ཁང་སྐོར་ས་གནས་ཁྲིམས་ཁང་དང་མངའ་སྡེ་ཆེས་མཐོའི་ཁྲིམས་ཁང་སོགས་སུ་ས་ཆའི་བདག་དབང་སླད་ཞུ་གཏུག་བརྒྱབ་ཏེ་རྒྱལ་ཁ་ཐོབ་ཡོད།  འོན་ཀྱང་ས་ཆའི་བདག་དབང་བཙུན་མ་རིན་ཆེན་མཚོ་མོའི་མཚན་ཐོག་ས་ཁང་ལས་ཁུངས་ཀྱི་མ་དེབ་ནང་མིང་འགྱུར་གནང་མ་ཐུབ་པར་ད་བར་ལྷག་པ་དང།  གུས་ཅག་དབུས་རྒྱུན་སྐབས་བཅིུག་པ་རྣམས་ཀྱིས་དཀའ་རྙོགས་ལ་མ་འཛེམས་པར་ཐབས་ཤེས་གང་ཡོང་གནང་སྟེ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་ས་ཁང་ཚན་པའི་ལས་བྱེད་དང་དཔོན་རིགས་ཁག་ལ་ཐབས་མཁས་ཀྱི་རེ་འདུན་ཞུས་པ་ལྟར་བཙུན་མ་རིན་ཆེན་མཚོ་མོ་ལགས་ཀྱི་མཚན་ཐོག་མིང་འགྱུར་བྱེད་ཐུབ་པ་བྱུང་ཡོད།  དེ་སྔ་ཚོགས་ཁང་གསར་སྐྲུན་གནང་རྒྱུའི་ཆེད་ས་ཁྲ་དེབ་སྐྱེལ་གནང་བ་གཞིར་བཞག་གསར་བསྐྲུན་གནང་རྒྱུ་དང།  མིང་འགྱུར་བྱེད་པའི་ལས་རིམ་ནང་དྷ་སར་གནས་སྡོད་སྟོད་པ་བ་རྟ་མགྲིན་ལགས་དང་བཙུན་མ་རིན་ཆེན་མཚོ་མོ་ལགས་རྣམ་གཉིས་ཀྱིས་རྒྱ་གར་ཡིག་ཚང་སོགས་སུ་ནམ་བསྐྱོད་དགོས་བྱུང་ན་ངོ་བསྐྱོད་གནང་རྒྱུས་མཚོན་མཐུན་འགྱུར་གནང་བ་མ་ཟད་མ་འོངས་རོགས་པ་ག་དུས་དགོས་ཚེ་གནང་རྒྱུའི་ཞལ་བཞེས་གནང་བར་ད་རེས་གོ་སྐབས་འདི་བརྒྱུད་དབུས་གཙང་མི་མང་ཚང་མའི་ཚབ་ཞུས་ཏེ་ཁོང་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཅ།     སྤྱི་ཚོགས་ཞབས་ཞུ།

༡) མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ཐོབ་རྒྱུ་ནི་སྒྲིག་འཛུགས་ས་བརྟན་གྱི་མེད་ཏུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་སོང་འདི་ག་དབུས་སྤྱི་ཁྱབ་ལས་ཁང་ནས་ས་གནས་ཁག་ལ་ལས་འཆར་ལམ་སྟོན་གནང་བའི་ནང་ས་གནས་སོ་སོའི་ནང་བོད་གཞུང་གི་གཟིགས་རྟོགས་སྐྱབས་འཇུག་གནང་བའི་རྗེས་ལའང་དཀའ་ངལ་འཕྲད་བཞིན་པ་དབུས་གཙང་མི་མང་ཡོད་ན་ས་གནས་སོ་སོ་ནས་གང་ཐུབ་བལྟ་རྟོགས་བྱ་དགོས་པ་དང་ས་གནས་ནས་བལྟ་རྟོགས་མ་ཐུབ་པ་རིགས་འདི་ག་དབུས་རྒྱུན་ལས་སུ་ལོ་རྒྱུས་དང་འབྲེལ་སྙན་སེང་དགོས་པའི་ལམ་སྟོན་ཞུས་ཡོད་པ་བཞིན་དྷ་ས་ས་གནས་རྒྱུན་ལས་བརྒྱུད་གཞིས་རྩེ་སྐྱིད་སྡུག་ཁུངས་སུ་ཡིན་པ་རྨོ་མོ་འཛོམས་པ་ལགས་ཁེར་རྐྱང་ཡིན་པ་དང་ལོ་ན་ཧ་ཅང་མཐོ་ཤིང་འཚོ་བའི་མཐུན་རྐྱེན་མེད་པར་དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་ཞུ་སྙན་ཕུལ་འབྱོར་བྱུང་བ་བཞིན།  རྨོ་མོ་འཛོམས་པ་ལགས་ཀྱི་དཀའ་ངལ་དངོས་འབྲེལ་ལ་བརྟེན་ཚོགས་གཙོ་སྐོུ་ཟླ་བ་ཚེ་རིང་ལགས་ཀྱི་ཁྱིམ་ཚང་སྒེར་ནས་དབུས་གཙང་ཆོལ་ཁའི་མཚན་ཐོག་ཟླ་རེར་ཧིན་སྒོར་ཆིག་སྟོང་རེ་མཐུན་འགྱུར་རོགས་རམ་གནང་མུས་ཡིན།

༢)  དབུས་གཙང་ཆོལ་ཁའི་ཁྱབ་ཁོངས་ཀྱི་མི་སུ་ཞིག་ལ་རྒྱབ་གཉེར་དང་ངོ་འབྱོར་དགོས་རིགས་ལ་དབུས་གཙང་ཆོལ་ཁའི་ཚོགས་མི་ཡིན་མིན་དང་ངོ་སྤྲོད་ཕྱག་འཁྱེར་ཡོད་མེད་ལ་མ་ལྟོས་པར་རྒྱབ་གཉེར་གནང་འོས་རིགས་ལ་གནང་གི་ཡོད་པ་མ་ཟད་མ་འོངས་ཆོལ་ཁའི་སྒྲིག་འཛུགས་ནང་འཛུལ་བཞུགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་ཚོགས་མིའི་ཁུངས་སུ་ཞུགས་ན་ཁེ་ཕན་ཇི་ཡོད་ཀྱི་གསལ་བཤད་གནང་བ་ལ་བརྟེན་ནས་ཚོགས་མིར་ཞུགས་མཁན་ཀྱང་བྱུང་ཡོད།

༣།   དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ཁོར་ཡུག་ཚན་པ་ནས་ཁོར་ཡུག་གཙང་བཟོ་ལས་གཞིའི་ཐད་དྷ་སར་རྟེན་གཞི་བྱས་པའི་ཚོགས་པ་ཁག་ལ་ལོ་ལྟར་ཞལ་འདེབས་ཀྱི་འབོད་བསྐུལ་ཕྱག་བྲིས་གནང་སྲོལ་ཡོད་འདུག་པ་བཞིན།   འདི་ག་སྤྱི་ཁྱབ་ལས་ཁང་ནས་ཀྱང་ཚད་གཞི་གཏན་འབེབས་ལྟར་ཞལ་འདེབས་ཕུལ་ཐུབ་པ་བྱུང་ཡོད།

༤)   ཕྱི་ལོ་ ༢༠༡༡ ཟླ་ ༡༡ པའི་ནང་བོད་དབུས་གཙང་ཆོལ་ཁའི་ས་ཁུངས་ནས་ཕེབས་པའི་གནས་སྐོར་བ་ཁག་ཅིག་གིས་འབོད་བསྐུལ་ཞུས་པ་བཞིན།   འདི་ག་དབུས་ལས་ཁང་ནས་གནས་སྐོར་བ་ལྔ་བཅུ་ལྷག་ཙམ་ལ་རྒྱ་གར་ནང་འགྲུལ་བཞུད་བྱེད་སྐབས་ཕན་ཐོགས་ཡོང་རྒྱུར་ལམ་ཡིག་དང་ངོ་སྤྲོད་ཕྱག་འཁྱེར་རིན་མེད་ཐོག་བཟོས་ཏེ་ཕུལ་བ་མ་ཟད་བཞུགས་གནས་ཀྱི་དཀའ་ངལ་ཡོད་པ་རྣམས་ལ་ཚོགས་ཁང་གཡར་པོ་གནང་ཐུབ་པ་བྱུང་ཡོད།

༥)   ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ནས་ཚེས་ ༣༠ དབར་བདུན་ཕྲག་གཅིག་རིང་རང་གཞུང་ཆོས་རིག་ལྷན་ཁང་གི་བཀའ་ཁྱབ་དགོངས་དོན་བཞིན་སྨྱུང་གནས་ལྷ་ཁང་དུ་སྤྱན་རས་གཟིགས་ཀྱི་གཟུངས་བསྔགས་ཡིག་འབྲུ་དྲུག་མ་གསོག་གྲུབ་གནང་སྐབས་འདི་ག་ཚོགས་ཁང་གོ་སྒྲིག་ཚོགས་ཆུང་ལ་རིན་མེད་གཡར་པོ་ཞུས།

༦)   ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ཉིན་རྒྱལ་ཡུམ་ཆེན་མོ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཕེབས་པའི་མིའོ་ཆོས་འཕེལ་གླིང་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་ལ་བཞུགས་གནས་ཀྱི་དཀའ་ངལ་འཕྲད་དེ་འདི་ག་ཚོགས་ཁང་གཡར་པོ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་པ་བཞིན་ཚོགས་ཁང་གཡར་བ་མ་ཟད་ཐབ་ཆས་ཀྱི་མཐུན་འགྱུར་ཀྱང་གནང་ཐུབ་པ་བྱུང།

༧)  དྷ་ས་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ཚེ་འདས་ཕུན་ཚོགས་ལགས་ནད་མནར་གྱིས་བདེ་ལེགས་སྨན་ཁང་དང་ཅན་རྡི་གར་སོགས་སུ་སྨན་བཅོས་ལ་བསྐྱོད་རྗེས་ནང་ལ་འབྱོར་མཚམས་འདི་ག་ངོ་བཞུགས་དབུས་རྒྱུན་ལས་པ་གཉིས་སྙུན་གསོར་བཅར་བ་དང།    སྙུན་གཞི་དྲག་སྐྱེད་མ་བྱུང་བར་མཐར་འདས་གྲོངས་སུ་འགྱུར་རྗེས་ཕྱི་ཟླ་ ཚེས་་༡༠ ཉིན་ངོ་བཞུགས་དབུས་རྒྱུན་ལས་པ་གཉིས་ཁོང་གི་ཉེ་འབྲེལ་ལྟོས་བཅས་ལ་ཐུགས་གསོའི་འཚམས་འཕྲིན་དང་མཆོད་མེའི་ཞལ་འདེབས་ཕུལ་བར་བཅར་བ་མ་ཟད་ཚོགས་གཙོ་དང་དབུས་རྒྱུན་གཉིས་དུར་ཁྲོད་དུ་སྐུ་ཕུང་ཞུགས་འབུལ་ཞུས་པར་བཅར་ཐུབ་པ་བཅས་བྱུང།

༨)  དབུས་གཙང་ཆོལ་ཁའི་ས་གནས་ཁག་འགའ་ཤས་ནས་ཆོལ་ཁའི་ངོ་སྤྲོད་ལག་འཁྱེར་སྟེང་དོ་དག་གི་གཏན་སྡོད་ཁ་བྱང་བཀོད་ཐུབ་པ་ཡིན་ན་ས་གནས་གཞན་དུ་བསྐྱོད་སྐབས་མགྲོན་ཁང་སོགས་སུ་ངོ་སྤྲོད་ཁུངས་སྐྱེལ་སླད་ཕན་ཐོགས་ཡོང་རྒྱུའི་བསམ་འཆར་གནང་མཁན་བྱུང་བ་བཞིན།  ངོ་སྤྲོད་ལག་འཁྱེར་གྱི་ལམ་སྲོལ་ལ་མེད་ནའང་མང་ཚོགས་ལ་ཐུགས་ཕན་གསོ་ཆེད་ངོ་སྤྲོད་ལག་འཁྱེར་ལ་ལེགས་བཅོས་ཀྱི་དོ་དག་གི་གཏན་སྡོད་ཁ་བྱང་བཀོད་དེ་བཟོ་མུས་ཡིན།།

༩༽ འདི་ག་དབུས་ལས་ཁང་དང་ཡོངས་གླིང་སློབ་གྲྭ།  ནང་ཆོས་ངོ་སྤྲོད་ཚོགས་ཆུང་བཅས་མཐོུང་ནས་འདི་ལོ་ཟླ་བ་ ༨  པ་ནས་དམིགས་བསལ་སློབ་སྦྱོང་གི་གོ་སྐབས་འཐོབ་མེད་པའི་རང་རིགས་བོད་ནས་གསར་འབྱོར་བ་གཙོ་གྱུར་གྱི་སྐད་ཡིག་སློབ་སྦྱོང་བྱེད་བློ་ཡོད་རིགས་རྣམས་ལ་སློབ་ཡོན་མེད་པར་བོད་ཡིག་དང་།  དབྱིན་ཇིའི་སྐད་ཡིག་བཅས་ཀྱི་ལས་ཞོར་འཛིན་གྲྭ་ཞིག་ཡོངས་གླིང་སློབ་གྲྭ་རུ་འསྒོ་འབྱེད་ཀྱིས་སློབ་འཁྲིད་གནང་མཁན་དབྱིན་བོད་དགེ་རྒན་གྲངས་ལྔ་ཡོད་པ་ནས་གཅིག་དང་བླངས་དང་དེ་མིན་བཞི་ལ་འོས་འཚམས་གསོལ་ཕོགས་ཕུལ་ཏེ་འཛིན་གྲྭ་ཚུགས་ཐུབ་པ་བྱུང་ཡོད།

ཆ།    འཚམས་འདྲི་དང་སྣེ་ལེན

དབུས་གཙང་མི་མང་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་ལས་སྣེ་འདྲ་མིན་ནང་ལས་འཁུར་ཞུ་བཞིན་པ་དང་བགྲེས་ཡོལ་པ་རྣམས་ལ་བཀྲིན་རྗེས་དྲན་གྱི་སྣེ་ལན་དང་ཆེས་བསྟོད་ཞུ་རྒྱུ་ནི་དབུས་གཙང་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་ཀྱི་ལས་འགན་གལ་ཆེར་ངོས་འཛིན་གྱི་སྣེ་ལེན་ཞུས་པ་ཁག་གཤམ་གསལ།

 

༡)   ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ཉིན་རྒྱབ་ཚོགས་གཙོ་ངོ་བཞུགས་ཀྱིས་དབུས་རྒྱུན་ལས་པ་རྣམས་བཀའ་བློན་ཁྲི་ཟུར་སྐོུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་ཕེབས་བསྟུན་འཚམས་འདྲི་ཞུ་བར་བཅར།   སྐོུ་མཆོག་ལ་ཚོགས་གཙོས་དབུས་རྒྱུན་ལས་པ་རྣམས་ངོ་སྤྲོད་དང་སྦྲགས་དབུས་ལས་ཁང་གི་ལས་འཆར་སྙན་གསེང་ཞུས་འབྲས་སྐོུ་མཆོག་ནས་ཀྱང་དབུས་ལས་ཁང་ལ་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་བཀའ་བཟང་ཕེབས།

༢)   ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༣ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་ཕེབས་པའི་དབུས་གཙང་ཡིན་པ་ཚོགས་བཅར་བ་དག་ལ་དབུས་ལས་ཁང་ནས་སྣེ་ལེན་དང་སྦྲགས་དགོང་དྲོའི་གསོལ་ཚིགས་སྟབས་བདེ་ཞིག་ཡོངས་གླིང་སློབ་གྲྭ་རུ་འདེགས་འབུལ་ཞུས།  སྣེ་ལེན་གསོལ་ཚིགས་ལ་ཚོགས་མི་གྲངས་༡༥༠ ཙམ་ཕེབས་ཐུབ་པ་བྱུང་དང་ཚོགས་མི་ཚང་མས་གུས་བརྩི་ཆེན་པོའི་སྣེ་ལེན་ཞུས་པར་ཧ་ཅང་གི་དགའ་པོ་དང་བསྔགས་བརྗོད་ཐུགས་རྗེ་ཆེ་ཞེས་གསུངས།

༣)  བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་ཕེབས་པའི་དབུས་གཙང་ཆོལ་ཁའི་སྐོུ་བཀའ་ཟུར་རྣམས་མཛད་བྲེལ་རྐྱེན་པའི་ཕྱི་ཚེས་ ༢༣ གསོལ་སྟོན་ལ་ཕེབས་ཐུབ་མེད་པར་སོང་ཕྱི་ཚེས་ ༢༤ ཉིན་དམིགས་བསལ་གདན་ཞུས་ཀྱི་གསོལ་ཚིགས་སྟབས་བདེ་ཞིག་བསྟན་ནོར་ཟ་ཁང་དུ་གོ་སྒྲིག་ཞུས་བསྟུན་ཚོགས་གཙོ་མཆོག་གི་དབུས་ལས་ཁང་གི་ལས་འཆར་ཁག་སྙན་གསང་ཞུས།  སྐོུ་རྣམས་པ་ཚོ་ཐུགས་མཉེས་པོ་བྱུང་བ་མ་ཟད་སྐོུ་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་མཆོག་གིས་ཚོགས་ཁང་གསར་བསྐྲུན་སླད་ཞལ་འདེབས་ཧིན་སྒོར་ལྔ་ཁྲི་ཐམ་པ་གནང་སོན་བྱུང་ན་ཐུགས་རྗེ་ཆེ་ཞུ།

༤)   ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢ ཉིན་ཕྱི་དྲོའི་ཕྱག་ཚོད་ ༥ ཐོག་ངོ་བཞུགས་དབུས་རྒྱུན་ལས་པ་རྣམས་ཀྱི་དབུས་གཙང་ཆོལ་ཁའི་སྐབས་ ༡༥  པའི་བདམས་ཐོན་སྤྱི་འཐུས་རྣམས་ལ་འཚམས་འདྲི་ཞུ་བ་དང་སྦྲགས་གངས་སྐྱིད་ལས་བྱེད་གསོལ་ཐབས་ཁང་གི་ཚོགས་ཁང་དུ་སྣེ་ལེན་གསོལ་ཇ་ཞལ་ཏོག་སྟབས་བདེ་ཞིག་འདེགས་འབུལ་ཞུས་ཐུབ་པ་བྱུང།

༥)   ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦ ཉིན་ངོ་བཞུགས་དབུས་རྒྱུན་ལས་པ་གཉིས་བཀའ་ཤག་སྐབས་ ༡༤ བདམས་ཐོན་སྐོུ་བཀའ་བློན་རྣམས་ལ་འཚམས་འདྲི་ཞུ་བར་བཅར།

༦)  དབུས་གཙང་ཆོལ་ཁའི་བར་མའི་འོས་བསྡུའི་གྲུབ་འབྲས་ཐོན་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༠ ཉིན་དབུས་གཙང་ཆོལ་ཁའི་བཀུར་འོས་སྤྱི་འཐུས་བཅུ་ཚང་འཛོམས་དང་དབུས་གཙང་ཆོལ་ཁ་ནས་ཡིན་པ་སྐོུ་བཀའ་བློན་རྣམས་ལ་སྣེ་ལེན་གསོལ་སྟོན་སྟབས་བདེ་ཞིག་(DRUM STICK) ཟ་ཁང་དུ་གོ་སྒྲིག་འདེགས་འབུལ་ཞུས་ཐུབ་པ་བྱུང།

ཇ།   རྒྱུན་གཏན་འབྲེལ་འཐུད།

སྤྱིར་བཏང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ནས་ཆོས་སྲིད་ཀྱི་མཛད་སྒོ་དང་གཞན་ཡང་མཛད་སྒོ་ཁག་ལ་མགྲོན་བརྡ་གནང་འབྱོར་བྱུང་བ་རིགས་ལ་གུས་བརྩི་ཆེན་པོས་རྒྱབ་སྐྱོར་དང་འབྲེལ་སྒྲིག་མཐུན་བཅར་ཞུགས་འཐུས་གཙང་ཞུས་ཐུབ་པ་བྱུང་ཡོད།

ཉ།   སྤྱི་ཁྱབ་ལྷན་ཁང་གི་དཔལ་འབྱོར་གནས་སྟངས།

སྤྱིར་བཏང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བྱུང་སོང་ལྷག་གསུམ་གྱི་ཞིབ་ཕྲའི་རྩིས་ནི་རྩིས་ཁྲའམ་རྩིས་དེབ་ནང་ཁ་གསལ་ཡོད་ལགས་ན།  དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཁག་ཅིག་སྙན་སྒྲོན་མདོར་ཙམ་ཞུས་ལགས་པ།

༡)   ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་བ་དང་དུས་བསྟུན།  འདི་ག་ཚོགས་གཙོ་མཆོག་གིས་མགྲོན་ཤོག་ཐབས་ཤེས་གནང་སྟེ་ཨ་རིར་ཚོགས་ཁང་གསར་སྐྲུན་སླད་ཞལ་འདེབས་ཞུ་བར་ཕེབས་འབྲས་ཞལ་འདེབས་ ཧིན་སྒོར་དགུ་འབུམ་དགུ་ཁྲི་ལྷག་ཙམ་བྱུང་ཡོད་པ་དང།  ཚོགས་གཙོ་མཆོག་གི་ཨ་རིར་ཕེབས་སྐབས་ཀྱི་ལམ་གྲོན་དང་ཨ་རིར་བཞུགས་རིང་གི་འགྲོ་གྲོན་ཆ་ཚང་དབུས་གཙང་ཆོལ་ཁར་ཞལ་འདེབས་ཀྱི་ཚུལ་དུ་སྒེར་ནས་གནང་བ་ལས་ཞལ་འདེབས་བྱུང་བའི་དངུལ་ནས་གཅིག་ཀྱང་ཞུས་རིགས་མེད།  ཨ་རིར་ཚོགས་གཙོ་མཆོག་ལ་ཕྱག་རོགས་གནང་མཁན་གྱི་ཚོགས་སྐྱིད་ཁག་ལ་དབུས་ལས་ཁང་ནས་བསྔགས་བརྗོད་ལེགས་གསོལ་ཕྱག་འཁྱེར་དང་མི་སྒེར་ཕྱག་རོགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་བཅས་ཕུལ་ཐུབ་པ་བྱུང་ཡོད་ལགས།

༢)   ཕྱི་ལོ་ ༢༠༡༡ ཟླ་ ༡༢ ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོར་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བསྩལ་སྐབས་དབུས་རྒྱུན་ལས་པ་རྣམས་ཀྱིས་དང་བླང་གིས་དད་ལྡན་ཆོས་ཞུ་བ་རྣམས་ལ་ཁ་རས་བགོ་འགྲེམས་ཀྱི་ལས་འགུལ་ཞིག་སྤེལ།  མང་ཚོགས་ལ་ཁ་རས་རིན་མེད་ཐོག་བགོ་འགྲེམས་བྱེད་པ་དང་སྦྲགས་ཚོགས་ཁང་གསར་སྐྲུན་གྱི་ལས་གཞིའི་ཐོག་ཞལ་འདེབས་གང་ཐོབ་ཞུས་པས་ཞལ་འདེབས་ཧིན་སྒོར་ཆིག་འབུམ་སུམ་ཁྲི་ལྷག་ཙམ་བྱུང།  ལས་གཞི་འདིའི་ཐད་ས་གནས་ཁག་ནས་དང་བླང་གི་ཕྱག་རོགས་གནང་མཁན་མི་གཉིས་རེ་ངེས་ཕེབས་ཡོང་བའི་འབོད་བསྐུལ་ཕྱག་བྲིས་ཕུལ་ཀྱང་ས་གནས་ཁག་ནས་ཕྱག་རོགས་གནང་མཁན་མི་གཅིག་ཀྱང་ཕེབས་ཐུབ་པ་བྱུང་མེདཔ་ནི་ཅུང་བློ་ཕམ་གི་ཐབས་སྐྱོ་བའི་རང་བཞིན་ལས་མ་འདས།  མ་འོང་ལས་གཞི་གང་ཅིའི་ཐད་ཕྱར་བ་གྲུ་འདེགས་ཀྱི་མཐུན་འགྱུར་གནང་བའི་རེ་བ་མཆི་ལགས།

༣)  ཕྱི་ལོ་ ༢༠༡༢ ཟླ་ ༤ ནང་འདི་ག་ཚོགས་གཙོ་མཆོག་གཞུང་འབྲེལ་གྱི་ཁེ་ན་ཌ་རུ་རྒྱལ་སྤྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་བཅར་བའི་ཞོར་ལ་དེ་ཁུལ་དབུས་གཙང་མི་མང་ཁག་ཅིག་ལ་ཚོགས་ཁང་གསར་སྐྲུན་སླད་ཞལ་འདེབས་ཞུས་ཏེ་ཞལ་འདེབས་ཧིན་སྒོར་དགུ་ཁྲི་བརྒྱད་སྟོང་ལྷག་ཙམ་བྱུང་ལགས་བ་ན་དེ་ཁུལ་ཞལ་འདེབས་གནང་མི་ཡོངས་ལ་དབུས་གཙང་མི་མང་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ།

༤)  ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་དགའ་སྟོན་དང་བསྟུན་དབུས་ས་གཉིས་དང་ཚོགས་སྐྱིད་ཁག་བཅས་མཐོུང་ནས་ཡོངས་གླིང་སློབ་གྲྭ་རུ་དཔལ་འབྱོར་འདུ་འགོད་སླད་ཁྲོམ་དུས་ཞིག་གོ་སྒྲིག་ཞུས་པས་ཁེ་བཟང་སྒོར་ཆིག་འབུམ་ཆིག་ཁྲི་ལྷག་ཙམ་བྱུང་ལགས་ན་ཕྱག་རོགས་གནང་མཁན་ཚོགས་སྐྱིད་ཁག་གི་རྒྱུན་ལས་ཡོངས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ།

༥) དབུས་རྒྱུན་སྔོན་མའི་སྐབས་སུ་ཨོ་སོ་ཀྲོ་ལི་ཡར་གནས་སྡོད་དབུས་གཙང་མི་མང་ལ་འབྲེལ་བ་གནང་སྟེ་ཚོགས་ཁང་གསར་སྐྲུན་སླད་ཞལ་འདེབས་ཞུ་བར་ཞལ་འདེབས་ཀྱི་བྱུང་འཛིན་ཅིག་དེ་གར་འབྲེལ་ཡོད་ཞིག་བརྒྱུད་བསྐུར་གནང་བ་དེ་ཉེ་ལམ་འབྱོར་བྱུང་བས།  དེ་ཁུལ་ནས་ཞལ་འདེབས་སྒོར་ལྔ་ཁྲི་ཉི་སྟོང་ལྷག་གནང་སོན་བྱུང་ལགས་ན་དེ་ཁུལ་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

༦) གཞན་ཡང་ཚོགས་ཁང་གསར་བསྐྲུན་སླད་ཞལ་འདེབས་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

keyboard_arrow_up