རྒྱ་ཆེའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མི་མང་སྤྱི་དང་། ལྷག་དོན་དབུས་རྒྱུན་སྐབས་གོང་རིམ་དང་མི་རབས་རྒན་པ་རྣམས་ཀྱི་རེ་འདོད་བཞིན། དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཡིག་ཚང་དང་། ཚོགས་ཁང་། མགྲོན་ཁང་དང་ཟ་ཁང་བཅས་ཨར་བསྐྲུན་ལེགས་ཟིན་གྱིས། ཉེ་ཆར་ ༢༠༡༤ ཟླ་ ༣ ཚེས་ ༣༠ ཉིན་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གནང་ཐུབ་པ་བྱུང་འབྲེལ། ཕྱི་ཟླ་ ༣ ཚེས་ ༣༡ ནས་ཟླ་ ༤ ཚེས་ ༣ བར་ཚོགས་ཁང་གསར་པའི་ནང་དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐེངས་ ༡༣ པ་བསྐྱངས་ཏེ། གཙོ་བོར་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོའི་ྋསྐུ་ཕྱྭའི་སྐོར་གྲོས་ཆོད་དོན་ཚན་ ༨ ཙམ་སྣོལ་འཇོག་ཞུས་ཤིང་། ལྷག་པར་ཉེ་བའི་ཆར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐེངས་ ༧ པའི་སྐབས་དོལ་རྒྱལ་དང་། དོལ་རྒྱལ་རྗེས་འབྲངས་པའི་སྐོར་གཞུང་འབྲེལ་གྲོས་ཆོད་འཇོག་གནང་མཛད་པར། དབུས་གཙང་རྒྱ་ཆེའི་མང་ཚོགས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། དེང་སྐབས་དོལ་རྒྱལ་རྗེས་འབྲངས་པས་དངོས་ཡོད་གནས་སྟངས་དང་ཡོངས་སུ་མི་མཐུན་པའི་ཆོས་དད་རང་མོས་མེད་ལུགས་ཀྱི་གནད་དོན་ཁ་ལ་འཁྱེར་ཏེ་རྒྱ་ནག་གཞུང་གི་བྱ་སྤྱོད་དང་དངོས་སུ་མཚུངས་པའི་རྒྱལ་སྤྱིའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་མུས་ལ་བློ་ཕམ་དང་སྦྲགས། རྣམ་དཔྱོད་ལྡན་པའི་གདོང་ལེན་སྐབས་མཚམས་སོ་སོར་བྱ་རྒྱུའི་ཐག་ཆོད་བྱུང་ཞིང་།                                                            དེ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུའི་དམིགས་བསལ་གྱ་སྟོན་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུར་སྤྱི་མོས་གྲོས་འཆམ་བྱུང་དོན། འདི་ཟླའི་ཕྱི་ཟླ་ ༤ ཚེས་ ༣ ཉིན་ཚོགས་བཅར་བ་ཡོངས་ལ་དགྱེས་བརྩེའི་གསུང་མཇལ་བཀྲིན་ཆེ་ཐོབ་སྐབས་དབུས་གཙང་གཞིས་བྱེས་གཉིས་ཀྱི་སེར་སྐྱ་མང་ཚོགས་དང་། བགྲེས་ཡོལ་དུ་བཞུགས་པའི་མི་རབས་རྒན་པ་བཅས་སྤྱི་མགྲིན་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འཐུས་གསོལ་བ་བཏབ་པར་དགྱེས་བཞེས་བཀྲིན་ཆེ་འཐུས་བཀའ་བཞེས་བཟང་ཐོབ་བྱུང་བ་ལྟར། བརྟན་བཞུགས་བསྟར་འབུལ་གྱི་ཞུ་སྒོ་ཁག་ཐོག་མཐའ་བར་གསུམ་གེགས་མེད་ཚགས་ཚུད་ལམ་ལྷོང་ཡོང་བ་དང་། ལས་དོན་དེའི་ཐོག་རྒྱ་ཆེའི་དབུས་གཙང་སེར་སྐྱ་མང་ཚོགས་ཡོངས་ནས་དད་དམ་གཙང་མས་ཆ་ཤས་བདེ་བླག་ངང་བཞེས་ཐུབ་པའི་སླད་དུ། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནང་དབུས་གཙང་ཆོལ་ཁོངས་དགོན་སྡེ་གྲྭ་ཚང་ཁག་དང་། བླ་སྤྲུལ་དགེ་བཤེས། ས་གནས་གང་སར་ཡོད་པའི་མི་སྣ་རྒན་རབས་ཚུད་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། ཡང་སྒོས་ས་གནས་རྒྱུན་ལས་དང་འབྲེལ་མཐུད་ཚན་ཁག་བཅས་ཀྱི་སྐུ་ཚབ་རེ་ངེས་ཕེབས་ཐུབ་པ་གནང་དགོས་རྒྱུར་ཐག་ཆོད་བྱུང་། གྱ་སྟོན་བརྟན་བཞུགས་ཆེན་མོའི་སྔོན་འགྲོས་སུ་ྋསྐུ་ཕྱྭར་དམིགས་པའི་ཕྱིའི་ཞབས་རིམ་ཇི་ཞུས་ཀྱི་བསྒྲུབས་ཐོ་དང། ལྷག་དོན་ནང་གི་ཞབས་རིམ་བཀའ་བཞིན་སྒྲུབ་པའི་མཆོད་པ་གཙོ་གལ་ཆེ་བར་སོང། ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་དགྱེས་མཉེས་ཆེན་པོ་ཡོང་ཐབས་སུ་དབུས་གཙང་སེར་སྐྱ་མི་རེ་ངོ་རེས་རང་ཉིད་ཀྱི་ནུས་བབས་ལ་གཞིགས་པའི་འཆི་ངེས་སྲོག་བླུ་དང་། དམར་ཟས་སྤོང་ཐབས་སོགས་གཞན་ཕན་ལྷག་བསམ་གྱི་ལས་འགུལ་སྣ་མང་རང་མོས་ངང་སྤེལ་བའི་བསྒྲུབས་ཐོ་གསོལ་འདེབས་མཎྜལ་གྱི་ཚོམ་བུར་སྨིན་འབུལ་ཞུ་གཏན་འཁེལ་སོང་ལགས་ན། ཚང་མས་འཕྲལ་ཡུན་ལེགས་ཚོགས་དུ་མའི་གཞི་སྒོར་རྣམ་དཀར་གཞན་ཕན་གྱི་ལས་འགུལ་རྒྱ་གང་ཆེ་སྤེལ་གནང་ཡོང་བ་ཞུ་རྒྱུ།                                           མང་གཙོ་ཡང་དག་པའི་ལྟ་གྲུབ་གཞིར་བཞག་རྒྱ་ཆེའི་མང་ཚོགས་ལ་གང་ཅིའི་འགན་དབང་བསྐུར་རྒྱུར་ཤུགས་གནོན་བསྐྱེད་དགོས་སྐབས་བབས་ལས་དོན་གལ་གནད་ཆེ་བར་བརྟེན། འདི་ལོ་ནས་བཟུང་དབུས་རྒྱུན་ལས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་དངུལ་རྩིས་བཅས་ཚོགས་ཆེན་ནས་བཀའ་འཁྲོལ་ཞུས་ཏེ་གཏན་འབེབས་དང་འབྲེལ་དབུས་དང་ས་གནས་ཁག་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲར་ལོ་དུས་སོ་སོར་རྩིས་ཞིབ་ཚད་འཕེར་བྱ་རྒྱུའི་ལམ་སྲོལ་གསར་གཏོད། སླད་ཆར་དབུས་གཙང་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སྐབས་སོ་སོར་ཡང་རྒྱ་ཆེའི་གཞི་རིམ་མང་ཚོགས་དང་རྒྱུན་གཏན་འབྲེལ་བ་ཡོད་པའི་ས་གནས་རྒྱུན་ལས་ཁག་སྨོས་མེད་ཐོག་དགོན་སྡེ་གྲྭ་ཚང་དང་། ཆོལ་ཁོངས་ཚོགས་སྐྱིད་ཁག་གི་སྐུ་ཚབ་མཉམ་ཞུགས་ཐུབ་ཐབས་ལ་ཤུགས་གནོན་བསྐྱོན་དགོས་པར་མོས་མཐུན་ཞུས་ཤིང་།                                                                                                                                                                                                                                            དེ་བཞིན་ཚོགས་ཆེན་ཐེངས་ ༡༣ པ་འདི་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་བོད་མིའི་འོས་འགན་ཐུགས་གལ་ཆེ་ཤོས་མ་ཟད། ཡང་སྒོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཁྲིམས་མཐུན་གཏན་འབེབ་མཛད་པའི་དབུ་མའི་ལམ་གྱི་སྲིད་ཇུས་འདི་ལས་ལྷག་པའི་བོད་དོན་བདེན་མཐའ་གསལ་ཐབས་ལམ་ཕྱོགས་བཟང་ཆ་གཞན་དུ་མ་མཆིས་པའི་ངོས་འཛིན་དང་འབྲེལ། བསྐྱར་ནན་ཡང་ནན་གྱིས་རྒྱབ་སྐྱོར་དང་འབྲེལ་རྒྱུན་སྲིང་དབུ་འོག་དཔུང་འདེགས་ལྷག་བློ་ཆེ་བསྐྱེད་ཞུ་རྒྱུ།                                                                                                                                                                                                                     དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་ཡོང་སླད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ལྟར་དབུས་གཙང་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་དང་། བླ་སྤྲུལ་དགེ་བཤེས། མི་རབས་རྒན་པ་བྱས་ཅན་བགྲེས་ཡོལ་དུ་བཞུགས་པ་ཚོར་གུས་བརྩིའི་འབྲེལ་ལམ་དམ་ཟབ་དང་བཅས་ལེགས་ཆའི་མྱོང་སྟོན་བཀའ་སློབ་ཞུ་གལ་ཆེ་བ་བཅས་ལ་གྲོས་མོལ་ཐག་ཆོད་བྱུང་སོང་ལགས་ན། དབུས་གཙང་ཆོལ་ཁོངས་སེར་སྐྱ་མི་མང་སྤྱི་དང་། ལྷག་དོན་མཁྱེན་མྱོང་གཉིས་ལྡན་གྱི་མི་རབས་བགྲེས་པ་རྣམས་ནས་སྤྱི་སྨན་གལ་ཆེའི་དགོངས་ཇུས་བཀའ་སློབ་ལམ་སྟོན་གང་མཆིས་རྒྱུན་སྲིང་གནང་སྐྱོངས་ཡོད་པ་ཞུ་རྒྱུ་བཅས། ཚོགས་ཆེན་ ༡༣ པའི་གྲོས་དོན་གསལ་བསྒྲགས་སྙིང་བསྡུས་སུ། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁུངས་ནས། ༢༠༡༤ ཟླ་ ༥ ཚེས་ ༨ ལ།། །།

keyboard_arrow_up