གཞིས་བྱེས་གཉིས་སུ་གནས་པའི་རང་ཅག་བོད་ཁ་བ་གངས་ཅན་པ་ཡོངས་ཀྱི་བླ་ན་མེད་པའི་ྋསྐྱབས་གཅིག འཛམ་བུ་གླིང་གོ་ལ་དང་བཅས་པ་འཚེ་མེད་ཞི་བདེར་འགྱུར་བཟོད་པའི་ངེས་པ་དོན་གྱི་དེད་དཔོན། ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བདེ་འཇགས་དང་བསྟན་འགྲོའི་བདེ་དོན་ཁོ་ནར་གཅིག་ཏུ་དགོངས་ཏེ། ཕྱི་རྒྱལ་ཡུལ་གྲུ་གང་དུ་གདན་ཞུ་ཕུལ་ཡང་དགུང་ན་སྨིན་ཕེབས་སོགས་ྋསྐུ་སྒེར་གྱི་སྐུ་ངལ་ཆེ་ཕྲ་གང་ལའང་སྐད་ཅིག་ཙམ་མི་དགོངས་པར། དགྱེས་བཞིན་ཞལ་བཞེས་ཡང་ནས་ཡང་དུ་ཆིབས་བསྒྱུར་ྋཞབས་སོར་བཀོད་དེ་ཁུངས་སོ་སོའི་རེ་བ་དང་། མོས་ངོར་འཚམས་པའི་འདི་ཕྱི་འཕྲལ་ཡུན་ཀུན་དགེའི་ལམ་སྟོན་བཀའ་སློབ་གསུང་གི་བདུད་རྩིས་ཡོངས་རྫོགས་ཚིམས་པར་མཛད་མུས་འདིས། རང་ཅག་བོད་མི་རིགས་རྣམས་ལའང་བཟང་པོའི་ཞོར་ལ་ཇ་ཆང་གི་དཔེ་བཞིན། འཛམ་གླིང་འདིའི་ནང་མགོ་བོ་གཟེངས་སུ་བཏེགས་ནས་རང་བཞིན་དགའ་སྤོབས་བྱས་ཆོག་པའི་གནས་བབས་བཟང་པོ་ཞིག་ཏུ་གྱུར་ཡོད་པ་དངོས་བརྗེན་མ་ཟད། བོད་མི་རིགས་ཀྱིས་ད་ཕན་མི་ཐོག་རིམ་བརྒྱུད་དུ་སློབ་གཉེར་བདག་གཅེས་དར་སྤེལ་བྱས་དང་བྱེད་བཞིན་པའི་ནང་ཆོས་དང། བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་རྒུ་ཚང་བའི་རིག་གཞུང་གི་རྒྱུན་བཟང་འདིས། མ་འོངས་པར་རྒྱ་ནག་ཐེ་བའི་ཤར་ནུབ་འཛམ་གླིང་ཁྱོན་ཡོངས་ལ་ཕན་ཐོགས་ལྡན་པའི་སྲི་ཞུ་རླབས་ཆེ་ཞིག་སྒྲུབ་ཐུབ་ངེས་ཡིན་པའི་གོ་རྟོགས་བརྡ་ལན་གསལ་པོ་ཞིག་ཀྱང་སྤྲོད་གནང་མཛད་པའི་སྐལ་བཟང་གི་དུས་འདིར།                                                                                                                                                                            བར་ལམ་དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཀྱིས་སྣེ་འཁྲིད་དེ། བོད་བརྒྱུད་ནང་བསྟན་ཐུབ་གསུང་དྲི་མ་མེད་པའི་ཟབ་ཁྱད་སྤྱི་དང་། བྱེ་བྲག་དམ་སྲི་དོལ་རྒྱལ་ངོ་མའི་བྱུང་རིམ་སོགས་ལོ་རྒྱུས་དགེ་སྐྱོན་ཅི་ཡང་མི་ཤེས་པའི་ཕྱི་རྒྱལ་མགོ་སེར་ཁག་གཅིག་མགོ་བསྐོར་བེད་སྤྱད་ངན་སྡེབས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ྋཞབས་སོར་གང་འཁོད་ལ་གྱེན་རྒོལ་ཞབས་འདྲེན་པ་ཐོན་ནས། ང་ཚོར་ཆོས་དད་རང་དབང་དགོས། ཏཱ་ལའི་བླ་མས་རྫུན་མ་ཤོད། ཟེར་བས་མཚོན་ཐ་ཤལ་གྱི་བྱེད་སྤྱོད་ངོ་རྒོལ་ལས་འགུལ་སྤེལ་བའི་འབོད་ཚིག་དེ་དག་ནི། གཞི་རྩ་དང་མ་འབྲེལ་བའི་གནས་ཚུལ་ཤ་སྟག་སྟེ། དཔེར་ན། དོལ་རྒྱལ་གྱི་གནས་ཚུལ་དེ་ཆོས་དད་རང་མོས་དང་འབྲེལ་བ་གཏན་ནས་མེད། གལ་ཏེ་ཆོས་དད་ཡིན་ཟེར་གྱི་ཡོད་ཚེ། དེ་ནི་ཆོས་ལོག་དང་རྨོངས་དད་རེད་ཅེས་ང་ཚོས་ཐག་བཅད་དེ་བརྗོད་ཐུབ།                                                                                                                                                                                                                       དེ་ཡང་། ྋགོང་ས་ལྔ་པ་ཆེན་པོས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག  ཅེས་གསུངས་པ་ལྟར། དོལ་རྒྱལ་ནི། རྒྱུ་སྨོན་ལམ་ལོག་པ་དང་། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་པ་གསལ་པོར་གསུངས་འདུག་པ་དང་གཅིག དོལ་རྒྱལ་རང་ཉིད་ཀྱིས་ཀྱང་དཔལ་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་ལ། ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན། ཞེས་དོ་བདག་རང་ཉིད་ནས་ངོས་བླངས་གསལ་བརྗོད་བྱས་ཡོད་པ་དང་གཉིས། དོལ་རྒྱལ་གྱི་སྲོག་འཁོར་སྒྲུབ་ཆོག སྟག་ཕུའི་དག་སྣང་ཡིན་ཚུལ་བརྗོད་ཀྱང། སྟག་ཕུའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་དང་། རྒྱ་ཅན་བཅུ་གསུམ་གཉིས་ཀྱི་ནང། འདི་སྐོར་ཡིག་འབྲུ་ན་གཅིག་འཁོད་མེད་པ་མ་ཟད། དེ་ལས་ལྡོག་སྟེ་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་ནང་བསྟེན་ཅིང་སྒྲུབ་པའི་ཕུང་འགོང་ཞེས་བསྒྲལ་བྱར་གསུངས་ཡོད་པ་དང་གསུམ། ཕུང་འགོང་ཞེས་པ་དོལ་རྒྱལ་གྱི་མིང་ཡིན་པ་སླེ་ལུང་བཞད་པ་རྡོ་རྗེའི་རྣམ་ཐར་ནང་། ཚུལ་དེ་ལས་མཆོག་དམན་བར་མ་དུ་མ་ཞིག་གིས་ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལུང་བྱང་ལས། ཕུང་བྱེད་འགོང་པོ་སྐྱབས་སུ་བསྟེན། ཞེས་པའི་ལུང་བསྟན་ཐོག་ཏུ་བབས་ཏེ། དོལ་རྒྱལ་དུ་གྲགས་པའི་འབྱུང་པོའི་རྣམ་པ། ྋཀུན་མཁྱེན་ྋརྒྱལ་བའི་དབང་པོ་ལྔ་པ་ཆེན་པོས་ཆོས་སྐྱོང་སྒྲུབ་སྐོར་གྱི་ནང་དུ་དམིགས་བསལ་གྱིས་བགེགས་སུ་ངོས་འཛིན་མཛད་པ་དེ་ཉིད་ལ་སྐྱབས་གནས་སུ་འཆོལ་ཞིང་། ཚུལ་དེ་ལས་མཐའ་དབུས་དུ་མ་ཞིག་འཁྲུགས་པར་འགྱུར་ཞེས་གསུངས་པ་དང་བཞི། བཅས་ལ་བསམ་བློ་ཐོངས་དང། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་རྫུན་གཏན་ནས་གནང་མྱོང་མེད།                                                                                                                                                                                                ད་དུང་བསྐྱར་ནན་བརྗོད་རྒྱུར། དམ་སྲི་དོལ་རྒྱལ་ནི་ྋགོང་ས་ལྔ་པ་ཆེན་པོ་དང་། གང་གིས་འཛུགས་གནང་མཛད་པའི་གཞུང་དགའ་ལྡན་ཕོ་བྲང་དང་མི་མཐུན་པའི་དམ་སེལ་ཡོད་པའི་འདྲེ་ངན་ཞིག་ཡིན། སྔོན་མ་ལྷ་སར་སྤྲོ་བདེ་ཁང་གསར་དུ་དོལ་རྒྱལ་དམིགས་བསལ་ཁོག་བརླམས་ཤིག་གི་སྐབས་སུ་རྟེན་མདུང་མགོ་མཇུག་སློག་ནས་འཕེན་ཏེ་བསྟན་དགྲ་དགའ་ལྡན་ཕོ་བྲང་གི་མགོ་ལ་འདི་འཁྱེར། ཞེས་བརྗོད་ཀྱི་ཡོད་པ་སྐབས་དེར་དངོས་སུ་མཐོང་བའི་མི་སྣས་བརྗོད་ཡོད། དུས་དེར་ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་འཕགས་ཆེན་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ཞུ་བའི་སྐྱབས་ཐོའི་ནང། བསྟན་པ་མཆོད་སྦྱིན་གྱི་མངའ་བདག་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་མངའ་ཐང་རྒྱས་པ་ཞེས་འཁོད་སྲོལ་གཉིས་བསྡུར་ནས་བལྟས་ན་གསལ་པོར་ཤེས་རྒྱུ་དང། དེ་བཞིན་དོལ་རྒྱལ་གྱིས་ཆོས་ལུགས་རིས་མེད་ཉམས་བཞེས་གནང་རྒྱུར་འགོག་རྐྱེན་བྱེད་པ་ཡོངས་གྲགས་ཡིན། ལྷག་པར་དགེ་ལུགས་པ་ཞིག་གིས་པདྨ་བཀའ་ཐང་སོགས་རྙིང་མའི་ཕྱག་དཔེ་ཉར་ན་དོལ་རྒྱལ་གྱིས་ཚར་གཅོད་ཚུལ་བཤད་དེ་ཆོས་རྒྱུད་ཕན་ཚུན་དམ་སེལ་བཟོས་པ།  དོལ་རྒྱལ་གྱི་བསྐང་ཚོགས་སོགས་ཁོ་པ་དང་འབྲེལ་བའི་འཕྲིན་བསྐུལ་ཐན་ཐུན་ཚུན་ཆད་མཛད་པ་པོའི་དགོངས་པས་རང་བབས་སུ་བརྩམས་པ་ཞིག་མ་ཡིན་པར། དོལ་རྒྱལ་རང་ཉིད་ཀྱིས་འདི་དང་དེ་བརྩམས་ན་གྲོགས་འཕྲིན་བྱེད་རྒྱུ་ཡོད་ཚུལ་གྱིས་རྩོམ་བསྐུལ་བྱས་པ་ཤ་སྟག་ཡིན་པས། དེ་འདྲའི་ངང་ནས་ཟླ་བསྐང་ཟེར་བ་སོགས་འཇིག་རྟེན་དྲེགས་པ་གསོལ་མཆོད་ལ་དང་དོད་བྱེད་པའི་སྲོལ་ངན་དར་བ་དེས། ནང་པ་སངས་རྒྱས་པའི་ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་བཅས་དོན་དུ་བོད་ཀྱི་བསྟན་སྲིད་གཉིས་ཀ་ཉམས་པའི་རྒྱུ་ཆེན་པོ་བྱེད་པར་གཟིགས་ཏེ་ྋགོང་ས་མཆོག་ནས་བོད་མི་སེར་སྐྱ་ཡོངས་ལ་དགེ་སྐྱོན་ཁེ་ཉེན་ལམ་སྟོན་གསལ་བཤད་ནན་བསྟུད་དུ་མཛད་པ་དེ་ནི། ྋརྒྱལ་བསྟན་སྤྱི་དང་། ལྷག་པར་དགེ་ལྡན་བསྟན་ལ་རླབས་ཆེན་གྱི་སྲི་ཞུ་བྱི་དོར་དག་ཐེར་མཛད་པའི་ཕྱག་རྗེས་ལེགས་གསུང་བདེན་དོན་འབའ་ཞིག་ཡིན།                                                                                                                                                                                                                                                དོལ་རྒྱལ་རྗེས་འབྲང་པ་ཚོས། དོལ་རྒྱལ་སྐྱབས་གནས་ཀུན་འདུས་སུ་བསྟེན་ནས་སྒྲུབ་པའི་འབྲས་བུར། ཁྱེད་རང་ཚོ་རང་ཉིད་འདི་ཕྱི་གཉིས་མེད་ཕུང་ལ་སྦྱོར་བ་མིག་ན་དགོས་པ་ལག་པས་བཟོས་པ་དང་། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའང་ཐག་ཞོར་སྦྲེང་དྲུད་ཕུང་ལ་སྦྱོར་བ་ནི། དོལ་རྒྱལ་བསྟེན་པའི་ངན་འབྲས་འདི་ལས་གསལ་བའི་ར་སྤྲོད་ཅི་ཞིག་དགོས། དེས་ན་ཆོས་དད་རང་མོས་ཞེས་ཆོས་འབག་གྱོན་ནས། དོན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་སྙན་མཛད་འཕྲིན་འཛམ་གླིང་རྒྱལ་སྤྱིའི་ཐོག་ཁྱབ་གདལ་ཇེ་ཆེར་འགྲོ་བ་ཉི་ཤར་སྦར་མོས་འགོག་ཐབས་བྱེད་པའི་རྒྱ་དམར་གཞུང་གི་ཆབ་སྲིད་ནག་པོའི་རྐུབ་གཡོག་ཏུ་ཧམ་རྒྱུག་བྱེད་པ་ངོ་མི་ཚའམ། སྐྱབས་གནས་འདྲེ་ལ་བཅོལ། དཔོན་མགོ་དགྲ་ལ་བཅོལ་བའི་བོད་མི་རིགས་ཀྱི་རྐང་འདྲེན་ཆོས་དྲེད་དམ་ལོག་པ་ཁྱེད་ཚོར་ཆོས་དད་རང་དབང་ཞེས་གླེང་ཕོད་པའི་ཐོབ་ཐང་མེད་ཅེས་ང་ཚོས་ངོ་རྒོལ་ཐ་ཚིག་ནན་པོར་སྒྲོག་བཞིན་ཡོད།                                                                                                                                                           ྋགོང་ས་ྋསྐྱབས་མགོན་ཆེན་པོས་སེར་སྐྱ་མང་ཚོགས་ལ་དོལ་རྒྱལ་བསྟེན་ན་སྤྱི་སྒེར་གང་ལའང་ཕན་ལས་གནོད་ཆེ་བའི་ལོ་རྒྱུས་བྱུང་བ་དངོས་ཀྱི་བླང་དོར་བཀའ་སློབ་གསུང་བཤད་སྔ་ཕྱི་རིམ་སྩལ་ཁར། དེ་སྐོར་ཕྱག་དེབ་ཀྱང་ཁ་ཤས་མཇལ་རྒྱུ་ཡོད། དེ་དག་གི་སྡོམ་ཚིག་སྙིང་པོར་དོལ་རྒྱལ་གྱི་སྔ་ཕྱིའི་ལོ་རྒྱུས་ངས་གསལ་པོར་ཤེས་པ་རྣམས་ཁྱེད་ཚོར་བཤད་རྒྱུ་ངའི་འགན་ཡིན། བཤད་ནས་ཉན་དང་མི་ཉན་ཁྱེད་རང་ཚོའི་འགན་ཡིན་ཞེས་བཀའ་སློབ་གསལ་བརྗེན་དེ་ལྟར་གནང་ཡོད་པ་ལས། དོལ་རྒྱལ་བསྟེན་མི་ཆོག་ཅེས་བཙན་པོ་དབང་ཡོད་སུ་ལའང་གནང་བ་བྱུང་མེད། དེ་ནི་ཁྱེད་རང་ཚོ་དོལ་རྒྱལ་བསྟེན་མཁན་ཚོས་སྔར་མུས་བསྟེན་གསོལ་བྱེད་པས་མ་ཚད། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གསོན་གནས་ཐུབ་མིན་གྱི་ཉེན་ཚབས་བཟོ་མཁན་དགྲ་བོ་རྒྱ་དམར་ལ་རྒྱབ་བཅོལ་ཏེ་རྒྱ་ནག་ཏུ་འགྲུལ་བཞུད་ཡང་ཡང་དང་། རྒྱ་དམར་གཞུང་ཚབ་ཁང་ཐེམ་པ་འགམ་འགམ་བྱས་ཏེ་བོད་མིའི་བླ་སྲོག་བཙོངས་པའི་གླ་བརྔན་དཔལ་འབྱོར་འཚོ་བའི་རྒྱབ་བརྟེན་བྱས་ནས་ཤར་རྒྱུག་ནུབ་རྒྱུག་གིས་བོད་མི་རིགས་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་ལ་ངོ་རྒོལ་བྱེད་བབས་དེ་ཐོག་ནས་ཁྱེད་ཚོའི་རང་དབང་སུས་ཀྱང་འཕྲོག་མཁན་བྱུང་མེད་པ་ཟུར་བལྟས་ལེབ་མཐོང་ཧ་ཅང་གསལ་པོ་ཡིན།                                                                                                                                    གལ་ཏེ་དོལ་རྒྱལ་མུ་མཐུད་བསྟེན་ཕྱིན་ྋགོང་ས་མཆོག་གི་ཞལ་སྔ་ནས་གསང་སྔགས་ཀྱི་ཆོས་སྐོར་དང་། བསླབ་སྡོམ་ཞུ་བར་ཡོང་ན་མི་འགྲིག་ཅེས་བཀའ་གསལ་པོ་གནང་ཡོད། དེ་ནི་འགྲོ་བ་སེམས་ཅན་ཡོངས་ཀྱི་བདེ་དོན་དང་དངོས་སུ་འབྲེལ་བ་དམ་ཟབ་ཡོད་པའི་གང་གི་ྋསྐུ་ཚེ་མཛད་འཕྲིན་དང་བཅས་པ་དོན་མེད་དམ་གྲིབ་དབང་གིས་ཆུད་ཟོས་སུ་མི་འགྲོ་བ་དང་། ཁྱེད་ཚོ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་མནའ་ཆུ་འཐུང་ནས་ཤི་མ་ཐག་ངན་སོང་དུ་འགྲོ་མི་དགོས་པ་བཅས་སྤྱི་སྒོས་ཚང་མའི་འཕྲལ་ཕུགས་དགེ་ཕན་ལ་དགོངས་པའི་རླབས་ཆེན་གྱི་མཛད་ཐབས་རྨད་པོ་ཆེ་ཞིག་ཡིན་པས། ཁྱེད་ཚོས་བཀྲིན་བཀྲིན་དུ་ཤེས་ནས་སྔ་འགྱོད་ཕྱིས་སྡོམ་བླང་དོར་ཚུལ་དང་མཐུན་པ་ཞིག་ཞུ་ནུས་ན་སླད་ཆར་དམ་ཆོས་བདུད་རྩིའི་བགོ་སྐལ་བཟང་པོར་ཆ་སྙོམས་སུ་སྤྱོད་པའི་དུས་བཟང་ཡོང་མི་སྲིད་པ་མིན།                                                                                                                                                                                                                                                     འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གང་གི་བསྟན་པ་གསེར་སྦྱང་བཙོ་མ་ལྟ་བུ་དེ། སྐྱེས་བུ་གསུམ་གྱི་སྲུང་མར་གཉེར་དུ་གཏད་ཡོད། དེ་གསུམ་ཀ་དམ་སྲི་དོལ་རྒྱལ་ལ་མི་དགྱེས་པ་གསལ་པོ་ཡིན། དང་པོ་ཐོག་མར་དོལ་རྒྱལ་བཀྲིས་ལྷུན་པོའི་སྲུང་མ་བྱེད་དུ་རེ་ནས་གཙང་ལ་འགྲོ་སྐབས་དགོན་པའི་གླིང་རྣམ་སྲས་རྟ་བདག་བརྒྱད་ཀྱིས་ཕྱག་སྦྲེལ་ནས་བསྐོར་ཏེ་མ་བཏང་བ་དང་། གཉིས་པ་བྱེས་ཀྱི་གདན་ས་དགའ་ལྡན་ཚོགས་ཆེན་དུ་དོལ་རྒྱལ་གྱི་འདྲ་བརྙན་ཞིག་ཡོད་པ་དེ་མུ་མཐུད་འཇོག་དང་། ཕྱིར་བཏོན་བྱེད་གང་འགབ་དམ་ཅན་ཆོས་རྒྱལ་གྱི་སྐུ་མདུན་དུ་ཟན་བརྟག་བསྒྲིལ་བར་ཕྱིར་བཏོན་ཞེས་ཕེབས་པ། གསུམ་པ་གསང་ཆེན་རྒྱུད་སྨད་གྲྭ་ཚང་དུ་དོལ་རྒྱལ་བསྟེན་མཁན་མཁན་ཟུར་ཞིག་ཡོད་པ་དེའི་མིང་རྒྱུད་འདེབས་ནང་མུ་མཐུད་འཇོག་དང་། ཕྱིར་འཐེན་བྱེད་ཡེ་ཤེས་མགོན་པོའི་སྤྱན་སྔར་ཟན་བརྟག་བསྒྲིལ་བར་ཕྱིར་འཐེན་བྱོས་ཞེས་ཕེབས་པ་བཅས་བྱུང་རིམ་གནས་དོན་དེ་དག་ལས་སྐྱེས་བུ་གསུམ་གྱི་སྲུང་མས་དམ་སྲི་དོལ་རྒྱལ་འཇམ་མགོན་ྋརྒྱལ་བའི་བསྟན་སྲུང་དུ་ཞལ་གྱིས་བཞེས་རྒྱུ་ཕར་བཞག བསྟན་གཤེད་དུ་གཟིགས་ནས་མི་དགྱེས་པ་ཆེན་པོ་གནང་གི་ཡོད་པ་ཧ་ཅང་གསལ་པོ་ཡིན་པས། རང་ཚོད་བཟུང་སྟེ་གཡོ་བསྐོར་རྫུན་འཁྲབ་དང་འུད་སྒྲོག་བྱེད་རྒྱུ་བཞག་ན་དགའ། དེས་ན། རྒྱ་ཆེའི་གཞིས་བྱེས་དབུས་གཙང་སེར་སྐྱ་མི་མང་གིས་དོལ་རྒྱལ་རྗེས་འབྲངས་པ་ཚོར་ཐ་ཚིག་ནན་པོ་སྒྲོག་རྒྱུར།                               ཕྱོགས་མེད་འགྲོ་བ་ཡོངས་ཀྱི་ལྔ་བདོའི་ཚ་གདུང་སེལ་བའི་གཉེན་གཅིག བོད་མི་རིགས་རིག་གཞུང་ལེགས་བྱང་དང་བཅས་པའི་བླ་སྲོག སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོ་བཀུར་མཚན་སྨད་དང་། གང་གི་སྐུ་ཕྱྭར་བདོ་སེམས་བཅངས་པ་སོགས་ཀྱི་གནས་ཚུལ་གླེང་ལྷགས་ཕྲ་མོ་ཙམ་མངོན་ཚེ། དེའི་འབྱུང་རྩ་ཁྱོད་ཚོའི་གྲས་ལས་གཞན་དུ་མི་དམིགས་པས། ང་ཚོ་དབུས་གཙང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་སྐབས་འཕྲལ་རྣམ་དཔྱོད་ལྡན་པའི་གདོང་ལེན་གནད་འཁེལ་བྱ་རྒྱུར་སེམས་ཐག་གཙང་བཅད་ཡིན་ཞེས་ཚོར་ཤུགས་ཆེན་པོས་གོ་བརྡ་ནན་སྤྲོད་བྱེད་ཀྱི་ཡོད། དེར་བརྟེན་འབྱུང་འགྱུར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ནང་ཡུལ་གྲུ་གང་དུ་གདན་ཞུས་ཆིབས་བསྒྱུར་ྋཞབས་སོར་འཁོད་ཀྱང་ཁྱོད་ཚོས་སྔར་སོང་ད་འགྲོའི་བསམ་རྩིས་བཟུང་སྟེ་བྱ་སྤྱོད་ཇི་སྤེལ་ཆ་མི་འཚལ་བར་སོང། གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་དང་། ས་གནས་ཡུལ་གྲུ་སོ་སོར་མཚན་གནས་རྒྱབ་འཁུར་དོན་གཅོད་ངོ་ལས་དང་། འབྲེལ་ཆགས་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གི་འགོ་ལས། གཞི་རྒྱ་ཆེ་བའི་བོད་མི་སེར་སྐྱ་མང་ཚོགས་སློབ་ཕྲུག་དང་བཅས་པས་བལྟ་ས་བརྒྱ་ལ་བགྲུང་ས་གཅིག་གི་དཔེ་ལྟར་ཚང་མས་སྔར་ལྷག་སྤྱང་གྲུང་ཐུགས་གཟབ་ངང་དགོངས་པར་ངེས་འཇགས་དགོས་རྒྱུ་ནི། རྒྱ་དམར་དབང་སྒྱུར་རུ་ཚོགས་པའི་ལྐོག་གཡོའི་ངན་བྱུས་འོག དོལ་རྒྱལ་རྗེས་འབྲངས་པ་ཚོས་དངུལ་དངོས་ལ་ཟ་བརྔམ་ཆེན་པོས་འདི་ཕྱི་ལས་འབྲས་ཁྲེལ་གཞུང་གང་ལའང་མི་ལྟོས་པའི་ཐ་ཤལ་གྱི་ངན་སྤྱོད་ཕྱི་ནང་ལག་སྦྲེལ་མངོན་སུམ་འཛེམ་མེད་དུ་ཐོན་དང་ཐོན་བཞིན་པའི་གནད་དོན་འདི། རང་རེའི་བོད་དོན་འཐབ་རྩོད་ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་འགག་རྩ་གལ་པོ་ཆེའི་དགྲ་གཤེད་གསོན་པོར་ངོས་འཛིན་གནང་སྟེ། ཕ་རོལ་པོའི་ངན་བྱུས་དུས་ཐོག་ཏུ་འགོག་སྲུང་འབུར་འཇོམ་ཐུབ་སླད་ང་ཚོས་ལངས་ཕྱོགས་དང་། འབོད་ཚིག བྱ་སྤྱོད་རྣམ་འགྱུར་གཅིག་གྱུར་གྱི་ཐོག་ནས་ཁོ་པ་ཚོའི་བསམ་སྦྱོར་ངན་པའི་བྱ་རྩོལ་མཐའ་དག་རྨེག་མེད་ཐལ་བའི་རྡུལ་དུ་རློག་ཐུབ་པའི་ཆིག་བསྒྲིལ་གྱི་ནུས་ཤུགས་གསལ་མངོན་རྗེས་འབྲས་བཟང་འཇོག་ཐུབ་པ་གནང་གལ་ཆེ་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།                                                                                                                                          བོད་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་བདག་གིར་བཞེས་པ་ནས་བཟུང་དུས་ད་ལྟའི་བར། རང་ཅག་བོད་འབངས་སེར་སྐྱ་མཆོག་དམན་མཐའ་དག་གི་འདི་ཕྱི་འཕྲལ་ཡུན་ཀུན་དགེའི་ྋསྐྱབས་གནས་རེ་ལྟོས་འཆའ་ཡུལ་མགོན་པོ་མཆོག་གང་ཉིད་ལས་གཞན་དུ་མེད་གཤིས། ད་སྐབས་ལོག་སྨོན་དམ་སྲིའི་རྗེས་འབྲངས་པས་བཀྲིན་བསམ་མེད་དྲིན་ལན་ལོག་འཇལ་གྱིས་མངོན་སུམ་དུ་བསྙོན་པའི་སྒྲོ་བཀུར་མཚན་སྨད་ཞུ་བས་མཚོན་སྙིགས་དུས་སྐྱེ་བོའི་སྤྱོད་ཚུལ་དག་ལ་ཐུགས་ཕམ་སྐྱོ་བསུན་གྱི་རྣམ་པ་སྐད་ཅིག་ཙམ་མི་བཞེས་པར། འཕགས་ཆེན་དམ་པའི་ཐུགས་བསྐྱེད་དམ་བཅའ་བཙན་པོ་དུས་ལས་མི་གཡེལ་བར་བྱམས་བརྩེའི་དགོངས་ཀློང་དུ་བདག་གིར་མཛད་དེ་ྋསྐུ་ཚེ་ྋཞབས་པད་མི་ཤིགས་རྡོ་རྗེ་དྭངས་མའི་རང་ཁམས་སུ་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད་པ་བཅས། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒྱས་འཛོམས་ཚོགས་ཆེན་ཐེངས་ ༡༣ པའི་སྤྱི་མོས་གྲོས་ཆོད་དགོངས་དོན། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཐེངས་ ༧ པས་དོལ་རྒྱལ་སྐོར་གལ་ཆེའི་གཞུང་འབྲེལ་གྲོས་ཆོད་སྣོལ་འཇོག་མཛད་པར་དབུས་གཙང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་འབྲེལ། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་འགྱུར་བ་མེད་པའི་ལངས་ཕྱོགས་གསལ་སྟོན་ཆེད། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ཚེས་ ༣༡ ལ།། །།

 

 

keyboard_arrow_up