བོད་རང་དབང་གི་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་བ་བོད་གཞིས་བྱེས་གཉིས་ནས་ད་བར་བོད་བསྟན་སྲིད་རང་དབང་གི་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་སྟེ་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་རང་དབང་འཐབ་རྩོད་ཀྱི་ཆེད་དུ་དམར་གསོད་བཏང་བའི་རང་རེ་སྤུན་ཟླ་རྣམས་ཀྱི་ཐུགས་དགོངས་ལྷུན་གྱིས་གྲུབ་ཅིང་དམ་པ་ཁོང་ཚོའི་ཚེ་རབས་ཕྲེང་བ་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་བླ་མའི་རྫོགས་བྱང་གི་གོ་འཕང་མྱུར་དུ་ཐོབ་པ་དང་བོད་ཆོལ་ཁ་གསུམ་ཁྱོན་ནས་རྒྱ་ནག་དམར་པོའི་བརྩོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་སྡུག་བསྔལ་མྱོང་བཞིན་པ་རང་རིགས་སྤུན་ཟླ་རྣམས་ལ་རང་དབང་བདེ་སྐྱིད་ཀྱི་དཔལ་ཡོན་ལ་རྟག་ཏུ་ལོངས་སྤྱོད་བཅས་ཀྱི་ཆེད་དུ་དམིགས་ཏེ་དབུས་ཆོལ་ཁ་གསུམ་གཙོས་ཚོགས་སྐྱིད་བཅུའམ་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རྒྱལ་ལོ་ ༢༡༤༠ ཁྲུམས་ཟླ་ཕྱི་མའི་ཚེས་ ༣༠ ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣ རེས་གཟའ་ཉི་མའི་ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་མཆོད་སྤྲིན་སྣ་ལྔ་དང་བླ་མཆོད་དང་འབྲེལ་བའི་མཆོད་འབུལ་དང་འདུས་ཚོགས་སུ་མང་ ཇ་དང་བཞེས་བག  དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠། རེ་བཅས་འབུལ་ཏེ་མཆོད་འབུལ་གཟབ་རྒྱས་ཤིག་གོ་སྒྲིག་ཞུས།

 

 

 

 

 

keyboard_arrow_up