༢༠༡༣ ཟླ་ ༥ ཚེས་ ༥ ཉིན་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་དྷ་ས་མེག་གྷན་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པ་སྐོང་ཚོགས་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་སྤྱི་འཐུས་ཁག་ཅིག་དང་། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། དབུ་མའི་ལམ་གྱི་ས་གནས་གི་འཐུས་མི། ཟུར་ཉན་པ་བཅས་མི་གྲངས་ ༡༠༠ ཡས་མས་འཛོམས་ཡོད་པ་དང་། ཉིན་གཉིས་རིང་གི་ཚོགས་འདུའི་ཐོག ཚོགས་ཆེན་ཐེངས་གསུམ་པ་དང་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད་ཁག་ལག་ལེན་ཇི་ལྟར་བྱས་ཡོད་མེད་ལ་གྲོས་བསྡུར་དང་། དབུས་ས་གཉིས་ཀྱི་ལོ་གཅིག་དང་ཕྱེད་ཀའི་ལས་བསྡོམས་རྩིས་ཁྲ་སྙན་སྒྲོན། དེ་བཞིན། མ་འོངས་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་དོན་བདེན་མཐའ་གསལ་ཐབས་སུ་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་འདུག མཛད་སྒོའི་ཐོག་མར་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལི་ཐང་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་ཀྱིས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་དབུ་མའི་ལམ་གྱི་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས་རིམ་པར་ཚོགས་ཡོད་པ་དང་།  རྒྱ་གར་དང་བལ་ཡུལ་མི་མང་དང་སློབ་གྲྭ་ཁག་ཏུ་བགྲོ་གླེང་།  བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་དགོས་འདུན་ལམ་ལྷོང་དོན་ཕན་ལྡན་པ་ཡོང་ཆེད། བོད་མི་ཚོས་ནུས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་བྱེད་དགོས་ཤིང་། རྒྱ་གཞུང་གིས་སྡིག་པ་མིག་བཙུམ་མི་བྱེད་པར་བསམ་ཤེས་ཐོག་གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ལམ་ལྷོང་ཡོང་རྒྱུར་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པའི་འབོད་སྐུལ་གནང་སོང་། དེ་རྗེས་དབུས་རྒྱུན་སྲི་བསྟན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༥ནས་ཟླ་ ༩ ཚེས་ ༡ བར་དབུས་རྒྱུན་རྣམ་པ་ཕྱོགས་ཕེབས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་སོགས་གནང་བའི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ད་ལོའི་ཕྱི་ཟླ་ ༣ བར་དང་། ཕྱི་ཟླ་ ༣ པ་ནས་ ༨ པ་བར་གྱི་བྱུང་སོང་རྩིས་ཁྲ་སྙན་སྒྲོན་ཞུས་སོང་། དེ་རྗེས་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་དོན། “དབུ་མའི་ལམ་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་གི་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་ཕྱོགས་ལ་བལྟས་པ་ཡིན་ན། རང་རང་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་བརྟག་དཔྱད་བརྒྱུད་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ་དབུ་མའི་ལམ་ལ་མོས་མཐུན་རྒྱབ་སྐྱོར་དང་མཉམ་ཞུགས་གནང་གི་ཡོད་པ་དེ་གསལ་བོ་སྟོན་མ་ཐུབ་པར། དབུ་མའི་ལམ་གྱི་ནང་མཉམ་ཞུགས་གནང་རྒྱུ་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཡིན་ཞེས་དགོངས་པ་བཞེས་མཁན་དང་བཀའ་གནང་མཁན། ཕྱི་ལོགས་ཀྱི་མིས་མཐོང་བསྡད་པ་མང་པོ་ཞིག་ཡོད་པ་རེད། མཐོང་ཚུལ་དེ་མེད་པ་བཟོ་རྒྱུ་དང་དངོས་ཡོད་གནས་ཚུལ་གསལ་བོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག༸རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ན་ཡག་པོ་ཡོང་ས་རེད་ཅེས་ཐོག་མར་དགོངས་འཆར་གནང་ཡོད་པ་རེད། ཡིན་ནའང་། དེའི་རྗེས་སུ་ང་རང་ཚོའི་མཁྱེན་གསལ་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གསལ་བསྒྲགས་མ་གནང་གོང་སྟེ། བདུན་ཅུ་དོན་གྲངས་ནས་བཟུང་སྐྱབས་མགོན་རིན་པོ་ཆེའི་དམངས་གཙོའི་བརྒྱུད་རིམ་རིམ་པའི་ནང་ནས་མི་མང་གིས་ཐག་གཅོད་གནང་བའི་གནས་སྟངས། གྲོས་ཚོགས་ཀྱིས་ཐག་གཅོད་གནང་བའི་གནས་སྟངས། དམིགས་བསལ་ཚོགས་ཆེན་སྐབས་ཐག་གཅོད་གནང་བའི་གནས་སྟངས་དེ་ཚོ་ང་ཚོས་ཐུགས་ལ་བཞག་སྟེ། མི་མང་རང་གིས་ཐག་གཅོད་བྱས་པའི་སྲིད་བྱུས་ཤིག་རེད་མ་གཏོགས་སྐྱབས་མགོན་རིན་པོ་ཆེའི་བཀའ་ལ་བརྩིས་ནས་ཐག་གཅོད་བྱས་པ་ཞིག་དང་། ཡང་ན་༸རྒྱལ་བ་རིན་པོ་ཆེས་ཐུགས་བཙན་དབང་གིས་མི་མང་ལ་དེ་འདྲ་བྱེད་དགོས་པ་རེད་ཅེས། བཀའ་གནང་བཞག་པ་མེད་པར་དམངས་གཙོའི་རང་དབང་ཆ་ཚང་ལོངས་སུ་སྤྱད་པའི་ཐོག་ནས་སྡིངས་ཆ་རིམ་པའི་ཐོག་ལ་གོ་བསྡུར་དང་བསམ་ཞིབ་ལྷུག་པོ་བྱས་མཐར། མི་མང་གིས་རང་འདོད་ཀྱི་ཐོག་ནས་ཐག་གཅོད་བྱས་པའི་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་མང་མོས་ཡོད་པའི་གནས་བབ་ཅིག་ཡིན་པ་དང་། དེ་ལ་བརྟེན་ནས་མོས་མཐུན་དང་རྒྱབ་སྐྱོར་གནང་གི་ཡོད་པའི་གནས་ཚུལ་དེ་རང་རང་སོ་སོའི་ཐུགས་ལ་གསལ་བོ་ཡོད་དགོས་པ་ཞིག་དང་།  ཕྱི་ལོགས་སུ་གསལ་བསྒྲགས་དང་གོ་བསྡུར་སོགས་གནང་བའི་སྐབས་ལའང་འདི་མི་མང་གི་བསམ་ཚུལ་ཡིན་པ་མ་གཏོགས་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཀྱི་ཡོད་པ་དང་། ༸ རྒྱལ་བ་རིན་པོ་ཆེས་ཕུལ་བཞག་པ་ཞིག་མིན་པ་དེ་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད་དྲན་གྱི་འདུག ”ཅེས་དང་། ཁོང་གིས་མུ་མཐུད་དེ། “དེའི་ཕྱིར་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་དང་རྒྱབ་སྐྱོར་མི་གནང་མཁན་ཚོར། ༸རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་པ་མ་རེད། བཀའ་དང་འགལ་གྱི་ཡོད་པ་རེད་གསུང་བ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་པ་མ་རེད། སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ཡང་དམངས་གཙོའི་ལམ་སྲོལ་རང་གི་ཐོག་ནས་མི་མང་སོ་སོའི་ཆབ་སྲིད་ལངས་ཕྱོགས་ག་འདྲ་འཛིན་པ་ཡིན་ནའང་སོ་སོའི་རང་དབང་རེད་ཅེས། ང་ཚོ་རྒྱ་གར་དུ་བསླེབས་པ་ནས་བཟུང་དགོངས་གཞི་དེ་ཡིན་ལ། བཀའ་ཡང་དེ་རང་གནང་ཡོད་པ་རེད། དེར་བརྟེན། དེ་ཚོའི་ཐོག་ལ་གཟིགས་ཕྱོགས་དང་བཀའ་མོལ་གནང་ཕྱོགས་གཟབ་གཟབ་གནང་དགོས་པ་དང་མ་ནོར་བ་ གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། གནས་ཚུལ་དེ་ཚོའི་ཐོག་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་ཡིད་ཆེས་ལ་དོ་ཕོག་འགྲོ་བ་དང་། རྒྱ་ནག་མང་ཚོགས་ཀྱི་བསམ་བློ་ལ་གསལ་བོ་མ་ཆགས་པ། རྒྱ་ནག་དབང་འཛིན་པ་ཚོའི་ལྟ་ཕྱོགས་ལ་གསལ་བོ་མ་ཆགས་པའི་ཉེན་ཁ་ཡོད་སྟབས། གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་འདུག་ཅེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྐྱར་ལྡབ་ཀྱིས་ཞུས་པ་ཡིན།” ཞེས་གསུངས་སོང་། ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་མ་འདྲ་བ་ཙམ་གྱིས་འགལ་ཟླ་ཆགས་མེད་སྐོར་ཐད་ཁོང་གིས། “དབུ་མ་དང་རང་བཙན་གཉིས་ཀའི་བསྒྲུབ་བྱ་གང་རེད་ཟེར་ན། བོད་རིགས་མི་མང་གི་བདེ་དོན་ཡིན་སྟབས། བསྒྲུབ་ཐུབ་དང་མ་ཐུབ། དུས་དང་འཚམ་དང་མ་འཚམ་གྱི་ཁྱད་པར་མ་གཏོགས་བོད་པའི་བདེ་དོན་ལ་དམིགས་པ་ཁྱད་པར་མེད། ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་དམིགས་ཡུལ་གཉིས་བཟུང་བ་དེས་སྤྱི་ཚོགས་དུམ་བུར་འགྲོ་དགོས་པ་དང་། སྤྱི་ཚོགས་ཁ་བྲལ་འགྲོ་དགོས་ པའི་གནས་སྟངས་རྩ་བ་ནས་མེད་པ་ཞིག་རེད། གང་ལྟར་ད་ལྟའི་བོད་ནང་གི་གནས་སྟངས་ལ་འགྱུར་བ་ཞིག་གཏོང་དགོས་པའི་སྐོར་ལ་ཕྱོགས་གཉིས་ཀས་བཤད་ཀྱི་ཡོད་པ་རེད།  དེའི་ཕྱིར་ཕྱོགས་གཉིས་ཀས་ཁ་གཏད་བཅག་ས་དང་འཐབ་རྩོད་བྱེད་ས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཉུང་ཤས་ལ་ཐུག་བསྡད་ཡོད་པ་རེད། རྒྱ་ནག་མི་མང་དང་མཉམ་དུ་ང་ཚོར་མི་མཐུན་པ་གང་ཡང་ཡོད་པ་མ་རེད། རྒྱ་མི་རིགས་དང་རྒྱའི་རྒྱལ་ཁབ་ལ་འགལ་ཟླ་ཕྱོགས་གཉིས་ཀས་བྱེད་ཀྱི་མེད་ལ། བྱེད་དགོས་དོན་ཡང་ཡོད་པ་མ་རེད། ང་རང་ཚོའི་སྡོམ་ཚིག་དེ་ཕྱི་ལོགས་ལ་བལྟས་ནས་བཀའ་མོལ་གནང་དགོས་པ་ཞིག་ལས། ནང་ལོགས་སུ་གཅིག་གིས་གཅིག་ལ་བལྟས་ནས་རྩོད་ལེན་བྱེད་ དགོས་པའི་རྒྱུ་མཚན་མེད་ལ། དགོས་པའང་མེད་སྟབས། དམངས་གཙོའི་སྤྱི་ཚོགས་ནང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་མི་འདྲ་བ་གསུང་མཁན་ཡོང་ཆོག་གི་ཡོད་པ་ཙམ་མ་ཟད། ཡོང་དགོས་ཀྱི་ཡོད་པ་འདྲ་བོ་ཞིག་ཡིན་པས། ང་རང་ཚོས་དགོངས་པ་བཞེས་ཕྱོགས་དང་བཀའ་མོལ་གནང་སྟངས་ཐོག་ཕྱོགས་གང་ཐད་ནས་ཚད་དང་ལྡན་པ་ཞིག་དང་། དངོས་ཡོད་གནས་ཚུལ་དང་ཡ་རབས་བཟང་སྤྱོད་ལས་མ་འདས་པ་ཞིག་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ”ཅེས་གསུངས་སོང་།  ལས་འགུལ་སྤེལ་སྐབས་ཕྱར་གྲུ་མཉམ་འདེགས་དགོས་ཀྱང་། འབོད་ཚིག་སྣ་ཚོགས་གཅིག་ཏུ་འདྲེས་ཏེ་མངོན་འདོད་གསལ་བོ་མེད་པ་ཆགས་ན་དགེ་སྐྱོན་གཉིས་ལས་སྐྱོན་ཆེ་བ་ཡོད་སྐོར་གསུངས་དོན།  “ལས་འགུལ་སྤེལ་སྐབས་ བོད་མི་སྤྱི་བོ་གནམ་བསྟན་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་རེད་ཟེར་བའི་བཀའ་མོལ་དང་གཟིགས་ཕྱོགས་ཤིག་ཡོད་པ་རེད། དེ་ནོར་བ་རེད་ཟེར་གྱི་མེད་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་ཞིག་རེད།  ཡིན་ནའང་།  ལས་འགུལ་སྤེལ་སྐབས་འབོད་ཚིག་གི་སྒྲ་ག་རེ་ཡོད་པ་དང་སྦྱར་པང་སོགས་ཀྱི་ངོས་སུ་བྲིས་པའི་འབོད་ཚིག་དེ་ཚོར་བལྟས་ཏེ་དཔག་གི་རེད། གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་སུ་ཚང་མ་མཉམ་རུབ་བྱས་ཏེ་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་པ་ཡིན་ན་འདྲ། གསར་འགོད་གསལ་བསྒྲགས་བྱས་པ་ཡིན་ན་འདྲ་འབོད་སྒྲ་ཚང་མ་མཉམ་གཅིག་ཏུ་འདྲེས་སོང་བ་ཡིན་ན། འབོད་སྒྲ་ཤུགས་ཆེ་བ་དེ་ཚང་མའི་མངོན་འདོད་ཡིན་པར་གོ་འགྲོ་གི་རེད་མ་གཏོགས་མང་བ་ག་རེ་ཡིན་དང་།ཉུང་བ་ག་རེ་ཡིན་མིས་མཐོང་གི་མ་རེད། ད་ལོའི་ཕྱི་ཟླ་ ༣ པའི་ནང་ལྡི་ལི་རུ་བཀའ་སྤྱི་གཉིས་ཀྱིས་དབུ་འཁྲིད་དེ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་བ་རེད་ཟེར་ནས་ངས་གོ་སོང་། དེ་བཙན་བྱོལ་བོད་གཞུང་གི་དབུ་འཁྲིད་འོག་ལ་ཡོད་པའི་བོད་མི་ཡོངས་ཀྱི་གཅིག་མཐུན་གྱི་ལས་འགུལ་ཞིག་ཡིན་པར་ཚང་མས་ངོས་འཛིན་ཞུ་དགོས་པ་ཞིག་རེད། ཡིན་ནའང་། དངོས་སུ་མར་ཐོན་ཡོང་བའི་སྐབས་སུ་དེའི་ནང་གི་འཕྲེད་དར་དང་འབོད་ཚིག་མང་ཆེ་བ་ཞིག་དབུ་མའི་ལམ་དང་འགལ་ཟླ་ཆགས་བསྡད་པ་མང་པོ་འདུག་ཅེས་ངས་གོ་སོང་། མ་མཐོང་སྟབས་བདེན་པ་ཡིན་མིན་མི་ཤེས། གལ་སྲིད་དེ་བདེན་པ་ཡིན་ན། རྒྱལ་སྤྱིའི་མང་ཚོགས་ལ་ཁག་ཡོད་པ་མ་རེད། ང་ཚོས་ལས་འགུལ་གཞི་རྒྱ་ཆེ་བ་དེ་འདྲ་སྤེལ་སྐབས་འཕྲེད་དར་དང་འབོད་ཚིག དར་ཆ་དེ་ཚོ་མང་ཆེ་བ་ཞིག་དབུ་མའི་ལམ་དང་འགལ་ཟླ་འགྲོ་བའི་གནས་ཚུལ་ཞིག་གི་ཐོག་འགྲོ་བསྡད་ཀྱི་ཡོད་པ་ཡིན་ན། ཕྱར་གྲུ་མཉམ་འདེགས་མ་བྱས་པར་རྒྱལ་སྤྱིའི་སྒང་ནས་སྐྱོན་འཛུགས་ཡོང་བ་དང་། རྒྱལ་སྤྱིའི་སྒང་ལ་བརྡ་ལན་གསལ་བོ་མེད་པ་བཏང་བའི་ཉེན་ཁ་གཉིས་ལས་ཆེ་ཆུང་བརྩིས་པ་ཡིན་ན། རྒྱལ་ སྤྱིའི་སྒང་ལ་བརྡ་ལན་གསལ་བོ་མེད་པ་དེ་ཉེན་ཁ་ཆེ་བ་ཡོད་པ་རེད།  མིས་ཁོ་ཚོས་དབུ་མའི་ལམ་བཤད་ཀྱི་ཡོད་ཀྱང་། ཚང་མ་མཉམ་དུ་རུབ་རུབ་བྱས་ཏེ་མངོན་གསལ་དོད་པོ་བྱེད་ཡོང་སྐབས་རང་བཙན་མང་བ་འདུག་ལ། མངོན་གསལ་ དོད་པ་འདུག་ཨཱ་བསམ་པའི་ལོག་རྟོགས་སྐྱེས་པ་ཡིན་ན་ཁྱད་མཚར་ཆགས་པ་རེད། ”ཅེས་སོགས་གསུངས་སོང་།

 

 

keyboard_arrow_up