༄༅། །ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱ་སེར་རྒན་གཞོན་དབྱེ་བ་མེད་པར་བོད་ཆོལ་ཁ་གསུམ་གྱི་བོད་མི་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་རྒྱ་གཞུང་གི་བཙན་འཛུལ་དང་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་ཡོད། ང་ཚོ་ནི་མི་ལོ་ཉིས་སྟོང་ལྷག་སོང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆག་འཇིག་ཁྲོད་འཚར་བའི་མི་རབས་ཤིག་ཡིན།

དེ་རིང་ང་ཚོས་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་ལ་རྗེས་དྲན་དང་། བཀའ་དྲིན་ཅན་གྱི་མི་རབས་རྒན་པ་ཚོས་དབུ་བརྩམས་པའི་འཐབ་རྩོད་དེར་ཆོད་སེམས་བསྐྱར་ནན་ཞུ་ཆེད་མཉམ་འཛོམས་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དེ་དག་ད་ལྟ་ང་ཚོས་བོད་མིའི་རང་དབང་དང་། ངོས་འཛིན། ཆེ་མཐོང་བཅས་སྲུང་སྐྱོབ་བྱ་རྒྱུའི་ལམ་སྟོན་དུ་བཟུང་དགོས།

ད་ལྟའི་ཆར་བོད་ནང་དྲག་གནོན་གྱི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་སླེབས་ཡོད་པ་ནི། རང་ལུས་མེར་སྲེག་མུ་མཐུད་མང་དུ་འགྲོ་བཞིན་པ་ལས་གསལ་པོ་རྟོགས་ཐུབ། ཕྱི་ལོ་ ༢༠༠༩ ནས་བཟུང་ང་ཚོས་ཤེས་རྟོགས་བྱུང་བར་བོད་མི་ ༡༠༧ གྱིས་རང་ལུས་མེར་སྲེག་བཏང་བ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་སྐབས་ཁོ་ནར་ ༢༨ བྱུང་ཡོད། བློ་ཕམ་པ་ཞིག་ལ་དེ་དག་གི་ཁྲོད་ནས་ ༩༠ འདས་གྲོངས་སུ་གྱུར་ཡོད། དེ་ནི་ཕལ་ཆེར་ཉེ་བའི་ལོ་རྒྱུས་ནང་འཛམ་གླིང་གི་ས་ཕྱོགས་གང་དུའང་བྱུང་མ་མྱོང་བ་ཞིག་རེད། རང་ལུས་མེར་སྲེག་གནང་མཁན་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་། དེ་བཞིན་ཞིང་པ་དང་། འབྲོག་པ། སློབ་ཕྲུག་བཅས་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་ཆོལ་ཁ་གསུམ་གྱི་ནང་བྱུང་ཡོད། དེ་རིང་ནི་ཁོང་ཚོར་རྗེས་དྲན་ཞུ་ཆེད་ཀྱི་ཉིན་མོ་ཞིག་ཀྱང་རེད།

རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་རྐྱེན་གཙོ་བོ་བོད་ནང་རྒྱ་གཞུང་གིས་བཙན་བཟུང་དང་དྲག་གནོན་མུ་མཐུད་བྱེད་བཞིན་པ་དེ་དག་ཡིན། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ངོས་འཛིན་དང་། ཆེ་མཐོང་། བོད་རྒྱུད་ནང་བསྟན་གྱི་དཔལ་ཡོན་བཅས་པར་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་བྱས་དང་བྱེད་བཞིན་པ་རྣམས་བོད་མི་ཚོས་ཉིན་ལྟར་དངོས་སུ་མྱོང་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རྒྱུའི་བཙན་དབང་དང་ཆོས་ལུགས་ཀྱི་བྱེད་སྒོར་དམ་བསྒྲགས། རྒྱ་རིགས་འབོར་ཆེན་གནས་སྤོ་བྱས་དང་བྱེད་བཞིན་པའི་དབང་གིས་བོད་མིའི་ལས་འཚོལ་གྱི་གོ་སྐབས་དང་། ས་ཞིང་། མདུན་ལམ་བཅས་པ་འཕྲོག་ནས་བོད་ཀྱི་གྲོང་ཁྱེར་མང་པོ་རྒྱ་ཡི་གྲོང་ཁྱེར་དུ་སྒྱུར་བཞིན་ཡོད། འབྲོག་པ་ཁྲི་ཕྲག་མང་པོ་བཙན་དབང་གི་སྒོ་ནས་གྲོང་ཁྱེར་གསར་པའི་ནང་སྤོ་རུ་བཅུག་སྟེ། དེ་སྔ་རང་ཁ་རང་གསོ་ཐུབ་པའི་འབྲོག་པ་མང་པོ་གྲོང་ཁྱེར་ནང་འཚོ་རྟེན་དང་ལས་འཚོལ་གྱི་གོ་སྐབས་མེད་པའི་རྐྱེན་གྱིས་དབུལ་ཕོངས་སུ་སྒྱུར་བཞིན་པ་དང་། མི་སེར་སྤེལ་ཡུལ་ལྟ་བུའི་འཛུགས་སྐྲུན་གྱི་ལས་འཆར་སྤེལ་ནས་ཨ་སྒོར་དུང་ཕྱུར་མང་པོའི་རིན་ཐང་ལྡན་པའི་བོད་ཀྱི་རང་བྱུང་ཐོན་རྫས་རྣམས་རྒྱ་ནག་ལ་དབོར་འདྲེན་བྱེད་བཞིན་པ་བཅས་ཀྱིས་གང་བསྟན་གྱི་ཡོད་ཅེ་ན། རྒྱ་ནག་གཞུང་ལ་བོད་ཀྱི་ལུང་པ་དགོས་པ་གང་ཞིག་ལ་བོད་མི་དགོས་ཀྱི་མེད་པ་དེ་བསྟན་ཡོད།

དེ་མཚུངས་སྲིད་བྱུས་དེ་དག་ལ་བོད་མིའི་ངོས་ནས་མི་འདོད་པའི་རྣམ་འགྱུར་ཕྲན་བུ་ཙམ་ཞིག་ཐོན་པས་ཀྱང་། ཡུན་རིང་བཙོན་འཇུག་དང་། མནར་གཅོད། ཁྲོམ་བསྒྲགས་དམའ་འབེབས། ཉེན་རྟོག་མི་སྣའི་ལག་འོག་ནས་གར་སོང་ཆ་མེད་འགྲོ་བ་བཅས། ཡ་ང་བའི་གནས་སྟངས་ཀྱི་དབང་གིས་རང་ཉིད་འཛིན་བཟུང་བྱེད་དུ་བཅུག་པ་ལས་མེར་སྲེག་གཏང་རྒྱུའི་གདམ་ཁ་བྱེད་ཀྱི་ཡོད། ཉེ་སྔོན་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བཅོས་མའི་ཁྲིམས་གཏུགས་བརྒྱུད་རང་ལུས་མེར་སྲེག་གནང་མཁན་ཚོ་ཉེས་ཅན་པར་སྒྲུབ་ཐབས་དང་། ཁོང་ཚོའི་ནང་མི་ཉེ་འབྲེལ་རྣམས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པ་འདི་དག་གིས། རང་ལུས་མེར་སྲེག་མཚམས་འཇོག་བྱ་རྒྱུའི་ཚབ་ཏུ་མང་དུ་འགྲོ་བའི་རྒྱུ་རྐྱེན་བཟོས་ཡོད།

ང་ཚོས་བརྒྱུད་ལམ་སྣ་ཚོགས་ཐོག་རང་ལུས་མེར་སྲེག་མ་གནང་རོགས་ཞེས་ཁ་གསལ་པོའི་སྒོ་ནས་འབོད་སྐུལ་རིམ་པ་ཞུས་ཡོད། མིའི་ཚེ་སྲོག་ནི་རིན་ཐང་བྲལ་བ་ཡིན་སྟབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེ་ལྟར་ཚེ་སྲོག་བློས་མ་བཏང་ན་བསམ་གྱི་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་འདས་པོ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། བོད་མིའི་རང་དབང་བསྐྱར་གསོ། བོད་རིགས་ནང་ཁུལ་ཆིག་སྒྲིལ་དགོས་རྒྱུ་བཅས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་ཞུ་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཡིན།

དེ་འདྲ་སོང་ཙང་མཚམས་འཇོག་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ནི། བོད་མིའི་གཞི་རྩའི་རང་དབང་དང་ཆེ་མཐོང་ལ་ངོས་འཛིན་གྱིས་བོད་ལ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བསྒྱུར་བཅོས་གཏང་རྒྱུ་དེ་ཉིད་ཡིན།བཀའ་ཤག་གི་ངོས་ནས་བོད་དོན་ཐག་གཅོད་ཡོང་ཐབས་སུ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ལ་དགོངས་འཆར་གྱི་ཚུལ་དུ་ལམ་སྟོན་གནང་བའི་སྲིད་བྱུས་འདི་ནི། ད་ལྟའི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་ལག་བསྟར་ཐུབ་པའི་སྲིད་བྱུས་བཟང་ཤོས་དེ་ཡིན། སྲིད་བྱུས་འདི་ལ་བོད་ཕྱི་ནང་གཉིས་ཀའི་ནང་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་བསྡུར་སབྱང་བཤད་རིམ་པ་བྱས་མཐར་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཀྱང་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། གལ་གནད་ཆེ་བའི་རྒྱལ་སྤྱིའི་སྲིད་གཞུང་དང་དབུ་འཁྲིད་ཁག་གིས་ཀྱང་དངོས་ཤུགས་ཅི་རིགས་ནས་རྒྱབ་སྐྱོར་ཐོབ་ཡོད། ལྷག་དོན་རྒྱ་རིགས་ཤེས་ཡོན་ཅན་དང་། མཁས་པ། རྩོམ་པ་པོ་སོགས་མང་པོས་གཉིས་སྨན་དབུ་མའི་ལམ་གྱི་གལ་གནད་ཤེས་པའི་སྒོ་ནས་ལོ་རེ་བཞིན་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་ཡོད།

རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་དངོས་ཡོད་གནས་སྟངས་མཐོང་བའི་སྒོ་ནས་སྲིད་བྱུས་འདི་བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པའི་སྲིད་བྱུས་ཡག་ཤོས་ཡིན་པ་ངོས་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་གསོ་བྱུང་སྐབས་བོད་ནང་བོད་མི་ཚོས་བོད་དོན་དཀའ་རྙོག་སེལ་ཐུབ་རྒྱུའི་རེ་བ་བྱས་པ་དང་། ད་ལྟའི་ཆར་འབྲེལ་མོལ་བར་མཚམས་ཆད་པ་འདིས་བོད་མི་ཡོངས་དང་ཁྱད་པར་བོད་ནང་ཡོད་པའི་བོད་མི་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད།

གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་ན་ཁྲིམས་དང་སྒྲིག་གཞི་གང་གི་ཆ་ནས་དཀའ་ངལ་འཕྲད་གཞི་མེད། རྩ་ཁྲིམས་དོན་ཚན་ ༣༡ གཞི་བཟུང་ཧོང་ཀོང་དང་མེ་ཀའོ་ཡི་གནད་དོན་ཐག་གཅོད་བྱེད་ཆེད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་ལོགས་སུ་བསྐྲུན་ཡོད། དེ་མཚུངས་ཐའེ་ཝེན་ཐད་ཀྱང་རྒྱ་ནག་གི་འགོ་འཁྲིད་ཚོས་བཀའ་ཤག་རིམ་པའི་ཚོགས་ཆུང་བཙུག་རྒྱུའི་ཆབ་སྲིད་ཀྱི་འདུན་པ་གསལ་པོ་བསྟན་ཡོད། འོན་ཀྱང་བོད་དོན་ཐོག་རྒྱ་ནག་གི་འགོ་འཁྲིད་ཚོས་ཆབ་སྲིད་ཀྱི་འདུན་པ་དང་ཞི་འགྲིག་བྱ་རྒྱུའི་ཐབས་ལམ་གསལ་སྟོན་བྱས་མེད། ང་ཚོའི་ངོས་ནས་ཕྱིིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་རྒྱ་ནག་གི་འགོ་འཁྲིད་ཚོར་ས་གནས་དང་། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད།བོད་དོན་ཐག་གཅོད་བྱ་རྒྱུ་འཛམ་གླིང་ཡོངས་ལའང་ཁེ་ཕན་ཡོད་པ་ཞིག་ཡིན། བོད་ནི་འཛམ་གླིང་གི་དཔལ་ཡོན་རྙིང་ཤོས་གྲས་ཡིན་པ་དང་། ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཁྱག་རོམ་གྱི་རྟེན་གནས་ཆེ་ཤོས་དེ་ཡིན་པས། འཛམ་གླིང་གི་སྣེ་གསུམ་པ་ ལྟ་བུ་ཡིན་པ་དང་། མི་འབོར་དུང་ཕྱུར་བཅོ་ལྔ་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པའི་ཨེ་ཤི་ཡའི་གཙང་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཀྱང་ཡིན། དེ་མཚུངས་བོད་མིའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བ་དང་མང་གཙོའི་ལྟ་གྲུབ་ལ་གཞི་རྟེན་བཅོལ་བ་ཞིག་ཡིན་སྟབས། བོད་དོན་གང་མྱུར་ཐག་གཅོད་བྱུང་ན་རང་དབང་འཐབ་རྩོད་བྱེད་མཁན་གཞན་ཚོར་ཡང་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་པ་དང་། རྒྱ་ནག་ནང་གུ་ཡངས་ཡོང་རྒྱུར་ཡང་ཕན་ཐོགས་ཡོད།

འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་རིང་རྒྱ་གར་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཞུ་རྒྱུ་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གང་ཟག་སྒེར་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དང་གཏམ་བཤད་རིམ་པ་སྤེལ་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། རྒྱ་ནག་ལ་ཞི་བའི་སྒོ་ནས་བོད་དོན་ཐག་གཅོད་ཡོང་ཐབས་སུ་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་གནོན་ཤུགས་སྤྲོད་རྒྱུའི་དུས་ལ་བབས་ཡོད་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འགན་འཛིན་བོད་ནང་ཕེབས་འཇུག་དགོས་པ་དང་། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་དང་། ཕྱི་འབྲེལ་གཞུང་ཚབ་མི་སྣ་ཁག་ཀྱང་བོད་ནང་ལ་གཏོང་དགོས། དེ་ནི་རང་ལུས་མེར་སྲེག་དང་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ཡིན།

བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ དེ་བོད་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་ལོར་སྲུང་བརྩི་བྱ་རྒྱུའི་གསལ་བསྒྲགས་གནང་བ་ལྟར་ཞི་བ་དང་། ཁྲིམས་མཐུན། ཆེ་མཐོང་ལྡན་པའི་སྒོ་ནས་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་པ་ཡིན། འདི་ལོ་ཕྱི་ཟླ་ ༡ ཚེས་ ༣༠ ནས་ཉིན་བཞིའི་རིང་ལྡི་ལིར་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་དང་། སྐབས་དེར་རྒྱ་གར་གྱི་གནད་ཡོད་དབུ་འཁྲིད་དང་གྲོས་ཚོགས་ཀྱི་འཐུས་མི་མང་པོས་བོད་དོན་ཆེད་ལས་དོན་སྤེལ་རྒྱུའི་གཏམ་བཤད་གནང་ཡོད། དེ་རིང་ཡུ་རོབ་གནས་འཁོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ས་སྦར་སིལ་དུ་མཉམ་འཛོམས་ཀྱིས་ཡུ་རོབ་ཁུལ་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་གྱི་ཡོད། དེ་མཚུངས་ཟླ་བ་འདིའི་ནང་བྱང་ཨ་རི་དང་ཡུ་རོབ་གཙོས་རྒྱལ་ཁབ་ཁ་ཤས་ནང་བོད་དོན་ཞུ་གཏུགས་ཀྱི་ལས་དོན་ཡང་སྤེལ་གྱི་ཡོད། ཞུ་གཏུགས་བྱ་རྒྱུའི་དོན་སྙིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཁྱབ་སྒྱུར་གནང་བའི་དགོས་དམིགས་དང་། བོད་མིའི་མང་གཙོའི་འཕེལ་རིམ། དོན་ཕན་ལྡན་པའི་འབྲེལ་མོལ་ཡོང་ཐབས་བཅས་གསུམ་གཙོ་འདོན་གནང་དགོས།ད་ལྟའི་ཆར་བོད་མི་རྣམས་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་འགྲིམས་བཞིན་ཡོད་ཅིང་། བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ནི་ད་ལྟའི་དུས་སྐབས་འདིར་ང་ཚོས་གདོང་ལེན་གང་འདྲ་བྱེད་མིན་ལ་རག་ལུས་ཡོད། ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་དང་ཡང་དག་པའི་དབུ་འཁྲིད་ལམ་སྟོན་ལ་བརྟེན་ནས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་གདོང་ལེན་བྱས་ཐུབ་ཡོད་པ་མ་ཟད། བོད་མིའི་སྙིང་སྟོབས་དང་ཆིག་སྒྲིལ་གྱི་ནུས་ཤུགས་འབུར་དུ་ཐོན་ཐུབ་པ་བྱུང་ཡོད། ང་ཚོས་མུ་མཐུད་ནུས་ཤུགས་ཟོང་ཁ་ཆིག་སྒྲིལ་གྱིས་འབད་བརྩོན་སྔར་ལྷག་བྱེད་དགོས། ད་བར་གཞིས་བྱེས་བོད་མི་ཡོངས་ནས་ཕྱར་གྲུ་མཉམ་འདེགས་དང་མཐུན་འགྱུར་གཟེངས་སུ་ཐོན་པ་གནང་བྱུང་བར་བཀའ་ཤག་ལ་དམིགས་བསལ་སེམས་སྐུལ་ཐེབས་གཞི་བྱུང་།

མཐའ་དོན། གཞིས་བཞུགས་བོད་རིགས་སྤན་ཟླ་ཡོངས་ལ་འཚམས་འདྲི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཆིག་བསྒྲིལ། གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་ལ་བརྟེན་ནས་རང་ཡུལ་གངས་ཅན་གྱི་ཞིང་དུ་རང་དབང་དང་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་འཆར་བའི་རེ་བ་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས།

སྲིད་སྐྱོང་བློ་བཟང་སེང་གེས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༠ ལ།། །།

keyboard_arrow_up