ཀ༽ སྐུ་ཕྱྭའི་སྐོར།

༡༽ ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ཨ་རིའི་སན་ཕ་རན་སེ་ཆིབས་བསྒྱུར་སྐབས་བཞུགས་གནས་མགྲོན་ཁང་གི་བར་ཁྱམ་དུ་དོལ་རྒྱལ་རྗེས་འབྲང་ཕྱི་རྒྱལ་གྱི་ཨ་ནེ་ཞིག་གིས་ལུགས་མཐུན་མཇལ་ཞུ་སྙན་སེང་ཙམ་མེད་པར་གློ་བུར་དུ་ཡོང་ནས་༸གོང་ས་མཆོག་ལ་མཚན་དམས་ཞུ་སྟངས་ལ་གཞིགས་ན་སྐུ་ཡི་སྲུང་ཆའི་ཐོག་འབྲེལ་ཆགས་ཨ་རི་སྐུ་ཚབ་དོན་གཅོད་དང་། ཆིབས་ཞབས་རྣམས་པས་སྐུ་ཕྱྭའི་ཉེན་སྲུང་གི་ཐོག་འཐུས་ཤོར་ཚད་མཐོ་བྱུང་བར་ངོ་འཛིན་དང་སྦྲགས་མ་འོངས་པར་འདི་རིགས་མི་ཡོང་བའི་སྟངས་འཛིན་གནང་ཕྱོགས་ཡོང་བ་བཀའ་བཤག་ལ་སྙན་འབུལ་ཞུ་རྒྱུ།

༢༽ནང་གི་ཞབས་རིམ་གཙོ་བོ་དབུས་གཙང་མང་ཚོགས་ནས་ཁ་ཞེ་གཉིས་མེད་དད་དམ་འགྱུར་མེད་སྔ་ཕྱིའི་བཀའ་སློབ་དགོངས་དོན་བླང་དོར་ཟབ་བཞེས་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པའི་འབད་བརྩོན་ལྷོད་མེད་ཞུ་རྒྱུ་དང་། དམིགས་གསལ་དོལ་རྒྱལ་བསྟེན་གསོལ་སྐོར་རང་དོན་རང་གཅེས་ཀྱིས་རྣམ་དཔྱོད་ལྡན་པའི་གདོང་ལེན་དང་། འདི་ཕྱིའི་ལངས་ཕྱོགས་མི་ནོར་བའི་བག་ཡོད་དམ་བརྟན་འགད་གཙང་ཉམས་ལེན་ཞུ་རྒྱུ།

༣༽༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་འགལ་རྐྱེན་སེལ་ཞིང་ཐུགས་བསྐྱེད་མཛད་འཕྲིན་སྔར་ལྷག་རྒྱས་ཐབས་སུ་དམིགས་དཀར་དབུས་གཙང་ཆོལ་ཁའི་རྒྱལ་ཡོངས་མང་ཚོགས་སྤྱི་ནས་ས་གནས་ངེས་ཅན་ཞིག་ཏུ་དམིགས་གསལ་ཞབས་རིམས་རྒྱས་པ་ཞིག་འཕྲལ་མངོན་སླ་བཅོས་སུ་མ་སོང་བའི་གནད་སྨིན་འབད་སྒྲུབ་ཞུ་རྒྱུ། འཆར་གཞི་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཁང་ནས་གོ་སྒྲིག་གནང་ཐོག་ས་གནས་སོ་སོར་ལམ་སྟོན་བཀོད་ཁྱབ་གནང་རྒྱུ།

༤༽༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་ལས་ལྷག་པའི་གནད་དོན་གལ་ཆེ་གཞན་མ་མཆིས་སྟབས་བཀའ་དབང་དང། གསུང་ཆོས། མཇལ་བཅར། ཚོགས་འདུ་བཅས་ཀྱི་སྐབས་བོད་མི་སེར་སྐྱ་ཕོ་མོ་ཚང་མས་རང་ཉིད་༸རྒྱལ་བའི་སྐུའི་སྲུང་སྐྱོབས་འགན་འཁུར་བ་ཞིག་ཡིན་པའི་ངེས་ཤེས་བརྟན་པོས་རང་ཉིད་ཀྱི་སྡོད་སའི་གཡས་གཡོན་རྒྱབ་མདུན་གང་སར་སྐུ་ཕྱྭར་བདོ་བའི་ཉེས་ཅན་པ་སིམ་འཛུལ་ཡོད་མེད་རྟོག་ཞིབ་དོ་ནན་གྱིས་ཐེར་འདོན་གདོང་ལེན་དུས་ཐོག་ཏུ་བྱ་རྒྱུ་གལ་ཆེར་སོང་དབུས་ས་གཉིས་ནས་མང་ཚོགས་ལ་གོ་བཀོན་གསལ་བཤད་ཡང་སེ་གནང་རྒྱུ།

༥༽ ༸རྒྱ་བའི་སྐུ་ན་དང་སྐུ་ཁམས་འཕྲོད་བཞེས་གང་ཐད་ནས་མཛད་འཆར་ཉུང་འཕྲི་དང་༸སྐུའི་འཕྲོད་བབས་ཆེད་ཕྱི་རྒྱལ་གཙོ་བོར་གྱུར་བའི་ས་གནས་གང་སར་གདན་ཞུ་རིམ་བསྟུད་མཛད་བསྡོམས་ཅི་ཆི་དེ་དབང་དུ་མ་སོང་བ་གལ་ཆེའི་ཆིབས་བསྒྱུར་ཁག་ལ་མགྲོན་བདག་རྒྱལ་ཁབ་དང། ཚོགས་པ་སྡེ་ཚན་ཁག་སུ་ཡིནའང་བོད་མིའི་སྒྲིག་འཛུགས་དང། སྐུ་བཅར་དགའ་ལྡན་ཕོ་བྲང་ཡིག་ཚང་བཅས་ནས་ཐུགས་འགན་འཁུར་ཆེ་བཞེས་ཀྱི་ཆ་རྐྱེན་མཐའ་ནན་གྱི་འགན་ཁྲི་གནང་འོས་གནང་རྒྱུ།  དེ་ཡང་ཕྱི་རྒྱལ་ནས་རྒྱ་གར་དང་། ཡང་རྒྱ་གར་ནས་ཕྱི་རྒྱལ་ཡུལ་ཁག་ལྟ་བུ་གནམ་གཤིས་འདྲ་མིན་དང་དུས་ཚོད་རྒྱས་བཅད་ནང་གདན་ཞུ་སྐུ་ངལ་གསོ་རྒྱུའི་གོ་སྐབས་མེད་པའི་དོ་ཆུང་སྣང་མེད་ལྟ་བུར་མ་སོང་བའི་༸རྒྱལ་བའི་དབུ་གནས་དང། མཚན་མཐོང་ལ་ཞིགས་པའི་འཁོར་ཡུག་བབས་འབྲེལ་།དམིགས་བསལ་ཕྱི་རྒྱལ་ལ་གདན་ཞུ་ཆིབས་བསྒྱུར་སྐབས་སྐུ་བཅར་གསོལ་ཐབ་སྟབས་བདེ་ཞིག་ལྷན་ཕེབས་གནང་ཐབས་གོ་སྒྲིག་ཡོང་བའི་སྐྱབས་འཇུག་ཞུ་རྒྱུ།

༦༽ གཞིས་ཆགས་དང་། ཆོས་སྒར་སོགས་རྒྱ་གར་ནང་གདན་ཞུ་ཆིབས་བསྒྱུར་བསྐྱངས་སྐབས་ས་གནས་སོ་སོ་ནས་དྭང་བླངས་དང། དྲག་འདེམས་འོས་བཙུགས་བྱས་པ་སོགས་ཕྱིའི་སྐུ་སྲུང་རྣམས་ལ་འབྲེལ་ཡོད་བདེ་སྲུང་ནས་མི་སྣ་སྔོན་ཚུད་ནས་ས་གནས་སོ་སོར་ཕེབས་ཏེ་ཞིབ་འཇུག་བརྟག་དཔྱད་གནང་རྒྱུ།

༧༽ ད་ཡོད་སྐུ་བཅར་སྐུ་སྲུང་གསར་ཕེབས་ཁག་ལ་འཆར་འཕར་ཟབ་སྦྱོང་ཚད་ལྡན་ཡོང་བ་ཙམ་མ་ཟད། གཞི་རྩའི་ཆ་ནས་སྐུ་སྲུང་མི་འགྲོ་གསར་འདེམས་གནང་ཕྱོགས་ལ་དྭང་སློབ་སྒྲིག་འཛུགས་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་། བདེ་སྲུང་ལས་ཁུངས་བཅས་མཐུན་མོང་ནས་བརྟག་དཔྱད་ཞིབ་འཇུག་གནང་ཕྱོགས་ཐད་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་དང་འཚམས་པའི་ཕྱག་ལེན་དོན་འཁེལ་ཡོང་ཐབས་འབོད་བསྐུལ་ཞུ་རྒྱུ།

༨༽ དེང་སྐབས་དོལ་རྒྱལ་རྗེས་འབྲངས་པའི་དངོས་ཡོད་གནས་སྟངས་དང་ཡོངས་སུ་མི་མཐུན་པར་ཆོས་དད་རང་མོས་མེད་ལུགས་ཀྱི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་གཞུང་གི་བྱ་སྤྱོད་དང་དངོས་སུ་མཚུངས་པའི་རྒྱལ་སྤྱིའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་མུས་ལ་བློ་ཕམ་དང་སྦྲགས་རྣམ་དཔྱོད་ལྡན་པའི་སྐབས་མཚམས་སོ་སོར་གདོང་ལེན་བྱ་རྒྱུ།

 

ཁ༽ དཔལ་འབྱོར་གནས་སྟངས་སྐོར།

༡༽དབུས་ཀྱི་དཔལ་འབྱོར་འདུ་འགོད་དང་སྟངས་འཛིན་ཞུ་ཕྱོགས་ཇི་དགེའི་སྐོར་ཚོགས་བཅར་བ་རྣམས་ནས་བསམ་འཆར་དང་གོ་བསྡུར་སྦྱང་བཤད་བྱུང་བའི་མཐའ་བསྡོམས་གྲོས་ཆོད་བྱུང་བ་གཤམ་གསལ།

༢༽ དབུས་ཀྱི་ཡིག་ཚང་དང། ཚོགས་ཁང། མགྲོན་ཁང། ཟ་ཁང་བཅས་ལེགས་སྒྲུབས་ཟིན་ནའང་ཨར་ལས་བོགས་ལེན་པར་ཨར་གྲོན་སྤྲོད་བསྡད་ཧིན་སྒོར་འབུམ་ ༧༠ ལྷག་ཙམ་དང་། སྐྱེད་མེད་སྔ་གཡར་གནང་འབབ་བསྐྱར་སློག་ཞུ་དགོས་སྒོར་ འབུམ་ ༢༦ དང་དེ་བཞིན་ཤིང་བཟོ་སངས་རྒྱས་རྡོ་རྗེ་ལགས་སུ་སྤྲོད་བསྡད་སྒོར་འབུམ་ ༢ བཅས་གོང་གསལ་བསྡོམས་སྒོར་འབུམ་ ༩༨ ཡོད་པའི་སྤྲོད་དམིགས་མགྲོན་ཁང་དང། ཟ་ཁང་གི་བོགས་གླ་ལོ་རེར་སྒོར་འབུམ་ ༢༣ ལས་མེད་སྟབས་གོང་གསལ་སྤྲོད་བསྡད་དངུལ་འབོར་གྱི་ཆ་ཤས་གང་མྱུར་སྤྲོད་རྒྱུར་རྒྱན་ཤོག་རེར་སྒོར་ ༡༠༠ རེ་བྱས་པའི་དེབ་གྲངས་ ༢༠༠༠ དཔར་བསྐྲུན་དང་སྦྲགས་ད་ལམ་ས་གནས་ཁག་གི་ཚོགས་བཅར་བ་རྣམས་པ་བརྒྱུད་ནས་རྒྱན་ཤོག་ཚོང་འགྲེམས་བྱ་རྒྱུ།

༣༽ ས་གནས་རྒྱུན་ལས་ཁང་གི་ཚོགས་མིའི་གྲངས་འབོར་དང་གང་ཅིའི་གནས་སྟངས་ལ་གཞིགས་པའི་སྐྱེད་མེད་སྔ་གཡར་ཡོང་ཐབས་ཀྱི་ཐོ་གཞུང་ཟུར་ཡོད་ལྟར་སྐྱེད་མེད་སྒོར་འབུམ ༣༠ ཙམ་ཕྱི་ལོ་༢༠༡༤ ཟླ་ ༦ ཚེས་ ༣༠ བར་ཁུངས་སོ་སོས་ཐུགས་འཁུར་ཆེ་བཞེས་བྱས་ཏེ་དབུས་ལས་ཁང་ལ་འབུལ་ཐུབ་པའི་འཁུར་འགན་བཞེས་གནང་རྒྱུ

༤༽ རྒྱ་ཆེའི་དབུས་གཙང་ཆོལ་ཁོངས་མང་ཚོགས་སྤྱི་དང། ཡང་སྒོས་དཔལ་འབྱོར་གྱི་སྐུ་ངལ་ཡོད་པའི་མང་ཚོགས་ལ་དམིགས་བསལ་སྲི་ཞུའི་བསྡུ་དངུལ་སྤར་ཆ་དང་། ཞལ་འདེབས་བསྡུ་བསྐུལ་བསུན་བཙེར་བཟོ་མ་དགོས་པ་གཙོ་འདོན་ཐོག་ནས་དབུས་སའི་འཛིན་སྐྱོང་དང་འཆར་འཕར་ལས་དོན་འཆར་གཞི་ཁག་གི་འགྲོ་གྲོན་གཏོང་དམིགས་དང། ལྷག་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་ཁུངས་དང། ཚོགས་ཁང་། མགྲོན་ཁང་། ཟ་ཁང་བཅས་བརྟན་བརྗིད་ཕུགས་འཕེར་ཕྱག་གྲོན་ཁ་མ་འདུམས་པའི་གནས་བབ་བསྐྱར་གསོ་ཐུབ་པ་གནང་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་དབུས་ས་གཉིས་ནས་ཐབས་ཤེས་གནང་ཕྱོགས་ཇི་དགེ་འཆར་གཞི་གོ་རིམ་སྒྲིག་རྒྱུར་ཐུགས་གཏན་འཁེལ།

༥༽ ཨར་གྲོན་ཕྱག་དངུལ་ཁ་གསབ་གནང་རྒྱུ་ཙམ་མ་ཡིན་པར་གཞི་རྩའི་དབུས་གཙང་ཆོལ་ཁོངས་ཚོགས་སྐྱིད་མང་ཚོགས་དང་བཅས་པའི་ཆབ་སྲིད་དང། ཤེས་ཡོན། འཕྲོད་བསྟེན། ཛ་དྲག་གུན་སྐྱོབས་སོགས་ཀྱི་ཕན་གྲོགས་འགན་འཁུར་མཐའ་དག་དབུས་གཙང་ཆོལ་ཁའི་དབུས་དང། ས་གནས་རྒྱུན་ལས་འབྲེལ་མཐུད་བཅས་པའི་ཐད་ཀའི་ལས་འགན་ལ་སོང་ཆོལ་ཁོངས་སྐྱ་བོ་ཕོ་མོའི་སྡེ་ཚན་ཙམ་དུ་མ་ཟད། དབུས་གཙང་ཆོལ་ཁོངས་ཆོས་རྒྱུད་རིས་སུ་མ་མཆིས་པའི་བླ་ཆེན་རྣམ་པ་དང། མཁས་དབང་སོགས་ཡོངས་སུ་འདུས་པའི་གྲྭ་ཚང་དང་། བླ་བྲང་། ཁང་ཚན། མི་ཚན། མི་སྣ་སྒེར་ཁག་སོགས་ལ་དབུས་ནས་འཆར་གཞི་དང་ལྡན་་བའི་ནང་ཁུལ་ཆོས་སྲིད་དཔལ་འབྱོར་གང་ཅིའི་ཐད་འབྲེལ་ལམ་གསར་མཐུད་ཀྱིས་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་གནང་རྒྱུ།

༦༽ སྐྱེད་མེད་སྔ་གཡར་དང། དྭངས་བླངས་ཞལ་འདེབས་སྲི་ཞུའི་བསྡུ་འབབ་བཅས་ས་གནས་སོ་སོར་ཆོས་སྲིད་དུས་ཆེན་སྐབས་རིག་གཞུང་འཁྲབ་སྟོན་དང་དཔལ་འབྱོར་བསྡུ་འགོད་ཐབས་ལམ་ཅི་རིགས་ཀྱི་ལམ་ནས་སྔར་ལྷག་ཤུགས་བསྐྱེད་ཞུ་རྒྱུ།

༧༽ དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚོགས་ཆེན་དབུ་མཛད་ཟུར་པ་དགེ་བཤེས་ནོར་བཟང་ནས་ཐུགས་འཁུར་ཆེན་པོས་རང་རེ་དབུས་གཙང་མི་ཁོངས་བླ་སྤྲུལ་དང། དགོན་བདག་གི་ཐོག་ནས་སྐྱེད་མེད་སྔ་གཡར་ཡོང་ཐབས་སུ་ཁོང་གིས་ཕྱག་རོགས་གནང་རྒྱུའི་སྐོར་ཚོགས་ཐོག་ཞལ་བཞེས་གནང་བར་བསྔགས་བརྗོད་ཞུས།

ག༽ བོད་མའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་ཕྱོགས་སྐོར།

༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་དང། བོད་མིའི་སྒྲིགས་འཛུགས་ཀྱི་ཁྲིམས་མཐུན་གཏན་འབེབ་ཀྱི་སྲིད་ཇུས། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་གྲོས་ཆོད་སྔ་ཕྱི་བཅས་ཀྱི་ནང་དོན་བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་དབུས་གཙང་རྒྱལ་ཡོངས་ཚོགས་ཆེན་འདི་ནས་བསྐྱར་ནན་རྒྱབ་བསྐྱོར་རྒྱུན་བསྲིང་གིས་དབུ་འོག་དཔུང་འདེགས་ཞུ་རྒྱུ།

༢༽ དུས་གསུམ་གསལ་གཟིགས་ཀྱི་བླང་དོར་བཀའ་སློབ་སྔ་ཕྱིའི་དགོངས་དོན་བོད་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་ཆོས་དང། རིག་གཞུང་། ལོ་རྒྱུས་བཅས་ལ་བྱང་ཆུབ་པ་དང། ཡང་སྒོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡ་རབས་བཟང་སྤྱོད་ཀྱི་རྣམ་བཞག་ཁག་མི་ཉམས་གཅེས་འཛིན་དར་འཕེལ་ཡོང་བར་རང་རིགས་གཞོན་སྐྱེས་ཕོ་མོ་ཡོངས་ལ་ཆུ་བུམ་བརྒྱུད་དང། རྡོ་ལག་བརྒྱུད་ཀྱི་སློབ་གསོ་གོ་བཀོན་དོན་གནས་ཡོང་ཐབས་ལ་དབུས་གཙང་མི་རབས་རྒན་པ་དང་། ས་རྒྱུན་། ཚོགས་སྐྱིད་བཅས་ནས་ལས་འགུལ་རྒྱུན་མཐུད་སྤེལ་རྒྱུ།

                                                                                                                       ང༽ གྱ་སྟོན་སྐོར།

༡༽ དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ནས་སྣེ་འཁྲིད་གཙོ་འགན་བཞེས་ཏེ་གཞིས་བྱེས་དབུས་གཙང་རྒྱ་ཆེའི་མང་ཚོགས་སྤྱི་མགྲིན་ནས་བརྟན་བཞུགས་གསོལ་འདེབས་རྒྱས་པ་བསྟར་འབུལ་ཞུ་རྒྱུ།

༢༽ བརྟན་བཞུགས་ཀྱི་སྔོན་འགྲོས་སུ་དབུས་ནས་བླ་ལྷར་ལུང་ཞུ་ས་བོན་ཕུལ་ཏེ་ཕྱིར་ཕེབས་དགོངས་དོན་ཞབས་རིམ་སྒྲུབ་སྒོ་ཇི་ཕེབས་གནད་སྨིན་དམིགས་དཀར་དུས་བསྒྲུབ་དང་འབྲེལ་རྒྱུན་གཏན་ས་གནས་སོ་སོར་གཟུངས་སྔགས་ཡིག་དྲུག་དང། བཛཱ་གུ་རུ། སྒྲོལ་མ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་སོགས་འགྲོ་གང་ཆེ་ཞུས་པའི་བསྒྲུབས་ཐོ། དམར་ཟས་རྩ་སྤོང་དང། ཡང་སྒོས་༸སྐུའི་བླ་གཟའ་ལྷག་པ་ནམ་འཁེལ་ལ་དབུས་གཙང་མང་ཚོགས་ཡོངས་ནས་དམར་ཟས་སྤངས་རྒྱུ། འཆི་ངེས་སྲོག་བླུ་། ན་གཞོན་ཚོའི་ཁྲོད་སྨྱོ་རྫས་དང། ཆང་རག་བསྟེན་སྤྱོད་བྱེད་མཁན་རྣམས་ལེགས་སྤེལ་ཉེས་འགོག་གྱི་བླངས་དོར་ལམ་སྟོན་ཞུས་ཏེ་རང་མོས་སྤངས་བླངས་ཞུ་མཁན་ཇི་བྱུང་གི་གྲངས་འབོར་མཚན་ཐོ་བཅས་གསོལ་འདེབས་མཎྜལ་གྱི་ཚོམ་བུར་བཀོད་འབུལ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་རང་བཞིན་གྱི་གཞན་ཕན་སྲིད་ཞུ་སྣ་ཚོགས་པ་སྒྲུབ་ཐབས་ཀྱིས་༸རྒྱལ་བའི་བཀའ་སློབ་ལམ་སྟོན་ཐོག་ཤར་བསྐྱོད་ཐུབ་པའི་འབད་བརྩོན་ལྷག་བློ་ཆེ་བསྐྱེད་ཞུ་རྒྱུ།

༣༽ ཤེས་ཡོན་གྱི་རྨང་གཞི་སྣ་ཚོགས་ཡོད་པའི་ན་གཞོན་ཁག་གཅིག་རང་བཞིན་ལས་ཀར་དུས་ཞུགས་མ་ཐུབ་པ་བར་འགྱིངས་གནས་མུས་ཚོར་ཕ་མ་དང་། སྤུན་མཆེད་། ས་རྒྱུན། དབུས་སྤྱི་ཁྱབ་རྒྱུན་ལས་དང་བཅས་ནས་དོ་སྣང་རྟོག་ཞིབ་ཟབ་མོའི་སྒོ་ནས་ཁུངས་སོ་སོའི་ཤེས་ཚད་དང་དོ་དབྱིངས་ལ་གཞིག་པའི་ལས་འགན་ལ་འཁོད་ཐབས་དགེ་མཚན་ངོ་སྤྲོད་དང་འབྲེལ། བཟང་ཕྱོགས་ཀྱི་རམ་འདེགས་མཐུན་སྦྱོར་གང་འོས་ཀྱི་ལམ་ནས་བོད་རིགས་མི་བཟང་ཤ་སྟག་ཡོངས་ཐབས་གནང་རྒྱུ།

༤༽ རང་རེའི་སློབ་གྲྭ་གང་མང་ནས་༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་སྐོར་གྱི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་གསོལ་རས་དང་རྩོམ་ཡིག་ལེགས་གྲས་རྣམས་དེབ་གཟུགས་སུ་བཀོད་རྒྱུ་མ་ཟད། རྒྱ་གར་ནང་གི་མཁས་དབང་མི་སྣ་ཁག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་མཛད་འཕྲིན་སྐོར་ཆེ་བརྗོད་རྩོམ་ཡིག་ཕྱོགས་བསྡུས་དཔར་འགྲེམ་བྱ་རྒྱུ།

༥༽ ཆོལ་ཁོངས་རང་རིགས་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་ལྟར་གཞན་ཕན་བྱས་རྗེས་འཇོག་མཁན་རིགས་ལ་གཟེངས་བསྟོད་ཕྱག་འཁྱེར་འབུལ་ཐབས་བྱ་རྒྱུ།

ཅ༽ སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སྐོར།

༡༽ རྒྱ་གར་ནང་དང། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་བཞུགས་དབུས་གཙང་ཆོལ་ཁའི་ཁོངས་གཏོགས་སེར་སྐྱ་མཆོག་དམན་ཡོངས་ལ་དབུས་ནས་འབྲེལ་ལམ་དམ་ཟབ་རྒྱ་བསྐྱེད་དང་འབྲེལ་ས་གནས་སོ་སོར་མི་འབོར་ལ་གཞིགས་པའི་ས་གནས་རྒྱུན་ལས་དང། རྒྱུན་ལས་མེད་སར་འབྲེལ་མཐུད་དོ་བརྟན་གསར་འཛུགས་གནང་རྒྱུ།

༢༽ ད་ཡོད་ས་གནས་རྒྱུན་ལས་ཁག་ནས་དབུས་ཀྱི་ལམ་སྟོན་གཞི་བཟུང་འཆར་འཕར་ལས་དོན་ཁག་སྔར་ལྷག་ཚག་ཚུགས་དང་འབྲེལ་སྒྲིག་གསལ་སྲི་ཞུའི་འབུལ་འབབ་སྐབས་སོ་སོར་བསྡུ་སྒྲུབ་ཚད་ལྡན་དང། ཆོལ་ཁོངས་མང་ཚོགས་རང་མོས་ངང་ཚོགས་ཞུགས་གྲངས་འབོར་རྒྱ་བསྐྱེད་ཡོང་ཐབས་གནང་རྒྱུ། ནམ་རྒྱུན་ལས་དོན་དང་། རྩིས་ཁྲ་ལས་བསྡོམས་ཚད་ལྡན་དང་སྔར་ལྷག་ཚག་ཚུད་དམ་དོན་ཡོང་བ་ཞུ་རྒྱུ།

༣༽ དབུས་རྒྱུན་རྣམས་ནས་ས་གནས་སོ་སོར་ཆེད་ཕེབས་ཀྱི་ས་གནས་མང་ཚོགས་ལ་བླངས་དོར་བཀའ་སློབ་གནང་ཐབས་གནང་རྒྱུ།

༤༽ ཕྱི་ལོ་ ༡༩༨༢ ཟླ་ ༣ ཚེས་ ༡༦ ཉིན་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དབུབརྙེས་པའི་དུས་དྲན་ལོ་རེར་བསྟར་ཆགས་ས་གནས་སོ་སོར་སྲུང་བརྩི་ཞུ་རྒྱུ།

ཆ༽ སྤྱི་མོས་རེ་འདུན་།

༡༽ མ་འོངས་དབུས་གཙང་སྤྱི་འཐུས་འོས་འདེམས་བྱེད་སྐབས་ཀྱང་དབུས་གཙང་མང་ཚོགས་ཀྱི་མངོན་འདོད་ངོ་མ་སྒྲུབ་ཐུབ་མཁན་ཤ་སྟག་འོས་འདེམས་ཐུབ་ཐབས་ལ་ས་གནས་སོ་སོའི་ནང་གོ་བསྡུར་ནང་མོལ་གྱིས་འོས་འབོར་ཁ་འཐོར་མི་འགྲོ་བའི་གནང་ཕྱོགས་ལས་ཇི་འོས་དབུས་རྒྱུན་ལས་ལ་སྙན་སེང་ཞུ་རྒྱུ།

༢༽ ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་  ཉིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་ཡིག་ཚང་། ཚོགས་ཁང་། མགྲོན་ཁང། ཟ་ཁང་བཅས་གསར་རྒྱག་ལེགས་སྒྲུབ་ཟིན་པ་བཞིན། ད་ལམ་སྐབས་ ༡༡ རྒྱུན་ལས་མཐུན་མོང་ནས་དབུས་གཙང་ཆོལ་ཁུངས་འབྲི་གུང་མལ་གྲོའི་སྐྱིད་སྡུག་ལ་བོགས་གཏོང་བྱ་རྒྱུ་དང་ལོ་རེར་བོགས་གླ་ཧིན་སྒོར་འབུམ་ ༢༣ བྱ་རྒྱུ། དེ་ཡང་ཟླ་དྲུག་འགྱངས་མེད་སྔ་འདོན་འབུལ་རྒྱུ་བྱས་ཏེ་ཐག་གཅོད་བྱས་པར་ཚོགས་ཆེན་ནས་འདི་ཐོག་ནས་སྤྱི་མོས་བྱུང་བ་དང་སྦྲགས་གན་ཡིག་ནན་འཇོག་བྱ་རྒྱུའི་གྲོས་ཐག་མཆོད།

༣༽ བོད་ནས་རང་རིགས་གཞོན་སྐྱེས་གསར་འབྱོར་དང་། ནད་གཅོང་གི་མཚོན་རྣམ་ཀུན་ས་གནས་སོ་སོས་འགན་འཁུར་ཚ་བ་ཁས་སེལ་རོགས་བསྐྱོར་གནང་རྒྱུ་དང་། ཛ་དྲག་དཀའ་ངལ་ཆེ་བའི་རིགས་དབུས་ལ་སྙན་སེང་ཞུ་དགོས།

༤༽ འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཕོ་མོ་མཐོ་སློབ་ཏུ་མུ་མཐུད་ཞུགས་བློ་ཡོད་ཀྱང་ཕ་མའི་ཁྱིམ་ཚང་དཔལ་འབྱོར་གནས་བབ་ཞན་པའི་དཀའ་ངལ་དངོས་ཅན་རིགས་ལ་ས་གནས་རྒྱུན་ལས་ནས་དུས་ཐོག་སྙན་སེང་བྱུང་བསྟུན་དབུས་ས་གཉིས་ནས་བབས་གཟིགས་སློབ་ཡོན་ཐོག་རོགས་རམ་གནང་རྒྱུ།

ཇ༽  ཟུར་རྒྱན་སྐལ་བཟང་གྲོས་སྣོན།

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣ སྔ་དྲོའི་ཕྱག་ཚོད་ ༡༠ ཐོག་དབུས་གཙང་ཆོལ་ཁའི་ཚོགས་ཆེན་སྐབས་ ༡༣ པའི་ཚོགས་མི་རྣམས་ཐེག་ཆེན་ཆོས་གླིང་༸རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་སྐལ་བཟང་གོ་སྐབས་སྤྱི་ཐོབ་དང་འབྲེལ་གྲོས་ཆོད་དགོངས་དོན་གཞིས་བྱེས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་གཞིས་བྱེས་མང་ཚོགས་སྤྱི་མགྲིན་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་འཐུས་ཆོག་པའི་ཡིག་ཐོག་གསེར་སྙན་སྒྲོན་འབུལ་ཞུས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་། ཡིན་དང་ཡིན་། རྦད་འགྲིག་གི་རེད་། རྦད་དེ་འགྲིག་གི་རེད་དཱ། ཁྱེད་རང་ཚོས་སྤྱི་དོན་ལ་དཀའ་ལས་ཞེ་དྲག་བརྒྱབ་སོང་། དགའ་བཞིན་སྤྲོ་བཞིན་ངང་བརྟན་བཞུགས་དགྱེས་བཞེས་ཐུགས་འཐུས་རྡོ་རྗེའི་བཀའ་བཞེས་བཟང་པོ་སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བསྩལ་སྨིན་བཀྲིན་ཆེན་པོ་ཐོབ་བྱུང་སོང་བས་གཞིས་བྱེས་གཉིས་སུ་གནས་འཁོད་དབུས་གཙང་ཆོལ་ཁོངས་ཚོགས་པ་དང། གྲྭ་ཚང་། སྐྱིད་སྡུག་ཁག་བཅས་འདུས་པའི་ཆོལ་ཁོངས་སེར་སྐྱ་མང་ཚོགས་ཡོངས་ལ་མ་གོ་མ་ཐོས་མེད་པའི་མཁྱེན་རྟོགས་སླད་དབུས་ས་གནས་གཉིས་ཕྱོགས་ནས་ཐུས་ཐོག་འབྲེལ་ཁྱབ་གནང་རྒྱུ། བཅས་ཀྱི་གྲོས་ཆོད་དུ། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣ ལ།

བོད་རྒྱལ་ལོ།              བཀྲིས་བདེ་ལེགས།

keyboard_arrow_up