ཕྱི་ལོ་ ༢༠༡༤ ཟླ་ ༣ ཚཻས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་གསུམ་བཅུའི་དུས་དྲན་ཐེངས་ ༥༥ སྲུང་བརྩིའི་མཛད་སྒོ་ཡོངས་སུ་ལེགས་གྲུབ་རྗེས་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ཚོགས་ཁང་ནང་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག   དྲིལ་བསྒྲགས་དྲུང་ཆེ། དེ་བཞིན་གསུམ་བཅུའི་དུས་དྲན་ཐེངས་ ༥༥ སྐུ་མགྲོན་གཙོ་བོ་ཡུ་རོབ་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཧེན་རི་མ་ལོ་སི་མཆོག་གིས་གཙོས་སྐུ་ཚབ་འཐུས་མི་བརྒྱད་དང་། དེ་བཞིན་ཕྱི་ནང་གི་གསར་འགོད་པ་རྣམས་ཚང་འཛོམས་ཐོག་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་མདོར་ཙམ་གནང་རྗེས་སྐུ་ཞབས་ཧེན་རི་མ་ལོ་སི་མཆོག་གིས་གསུང་བཤད་གནང་དོན།  ང་ཚོ་ད་རེས་རྡ་སར་འབྱོར་ཐེངས་གཉིས་པ་ཆགས་ཡོད། ང་ཚོ་འདིར་ཡོང་དགོསས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་གནད་དོན་ནི་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་བོད་མིའི་རང་དབང་དང་ཐོབ་ཐང་། ཆེས་མཐོང་བཅས་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་ཡོད། དེང་སྐབས་བོད་མི་ཚོར་རང་དབང་དང་ཐོབ་ཐང་དེ་དག་མེད་པར་ཡུན་རིང་སོང་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་ བོད་རིགས་ཙམ་མ་ཟད། རྒྱ་རིགས་ཚོ་ལའང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ང་ཚོས་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་མང་གཙོའི་ལམ་ལུགས་ཚད་ལྡན་ལག་བསྟར་གནང་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ ཐོག་ནས་རང་སྐྱོང་གི་གནས་བབ་ཐོབ་ཐབས་གནང་བཞིན་པ་དེར་རྒྱབ་སྐྱོར་མཚོན་ཆེད་དེ་རིང་ང་ཚོ་འདིར་བཅར་བ་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་དུས་རབས་ ༢༡ སྐབས་འདིར་དོན་དངོས་དང་མཐུན་ཞིང་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་ཤིག་ཡིན། ང་ཚོ་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུར་མཚོན་ན་དེང་སྐབས་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པའི་དུས་སྐབས་འདིར་བོད་མི་ཚོས་བོད་རྒྱ་མི་རིགས་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་འོག་མི་རིགས་གཉིས་ཕན་ཚུན་འཆམ་མཐུན་ངང་གནས་རྒྱུར་འབད་བརྩོན་གནང་བཞིན་པ་འདིར་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་ཆགས་ཡོད། ང་རང་འདིར་མ་ཡོང་གོང་རྒྱ་ནག་གཞུང་ཚབ་ཁང་གིས་སྐད་ཆ་འདྲི་སྐབས་ང་ཚོ་རྡ་ སར་འགྲོ་རྒྱུ་འདི་རྒྱ་མི་རིགས་ཚོ་ལ་ཁ་གཏད་ལངས་པ་ལྟ་བུ་རྩ་བ་ནས་མིན་པ་དང་། ང་ཚོས་གྲོས་མོལ་གྱི་ལམ་ནས་ བོད་ཀྱི་གནད་དོན་སེལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་དོན། སྐུ་ཞབས་ཧེན་རི་མ་ལོ་སི་མཆོག་ རྡ་སར་ཕེབས་ཏེ་བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མཚོན་ཆེད་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༥༥ ཐོག་མཉམ་བཞུགས་གནང་བར་ངོས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་སྐུ་སྒེར་ལ་མཚོན་ན་བོད་ཀྱི་གྲོགས་པོ་ཞིག་ཡིན། འོན་ཀྱང་སྐུ་ཉིད་མཆོག་དེང་སྐབས་ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ ལྷན་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་བཞིན་དུ་འདིར་དངོས་སུ་བཅར་ཏེ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་འདི་ནི་བོད་མི་ཚོར་ཧ་ཅང་རྩ་བ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད།  རྒྱལ་སྤྱིའི་སྤྱི་ཚོགས་ལ་རང་དབང་ནི་རྒྱལ་ སྤྱིའི་ཁྱོན་ཡོངས་ལ་ཁྱབ་པ་ཞིག་ཡིན་པའི་བརྡ་ལན་ཞིག་བཏང་ཡོད།  ཕྱོགས་མཚུངས་གཞིས་བཞུགས་བོད་རིགས་ཚོ་ལའང་འཛམ་གླིང་ཕྱི་ནས་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཡོད་བསམས་པའི་རེ་བ་གསར་པ་ཞིག་འབྱིན་ཡོད། སྐུ་ཉིད་མཆོག་རྒྱ་ནག་གཞུང་གིས་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་དེ་རིང་འདིར་ཕེབས་པར་ངོས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།།

 

keyboard_arrow_up