བོད་རྒྱལ་ལོ་ ༢༡༤༡ བོད་ཟླ་ ༡ ཚེས་ ༡༠ དང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ རབ་གནས་ཤིང་རྟའི་གནམ་ལོ་གསར་དུ་བཞད་ནས་གནས་ཆུང་གྲྭ་ཚང་དུ་ཚེས་བཅུའི་གཟབ་གསོལ་དང༌། ༸གོང་ས་ཆེན་པོར་བརྟན་བཞུགས་བསྟར་འབུལ་གཟབ་རྒྱས་ཞུས་ཡོད།  དེ་ཡང་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་གིས་སྲིད་ཞིའི་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ྋགོང་ས་ྋསྐྱབས་མགོན་༸རྒྱ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་ཆེན་པོ་མཆོག་ལ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་དགོངས་དོན་ལྟར་དང༌། གྲྭ་ཚང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་ཐུན་མོང་མིན་པའི་བཞེད་རྒྱུན་འཆི་མེད་སྲོག་གི་བཅུད་ལེན་རྒྱལ་པོ་ཚེ་ལྷའི་ཚེ་སྒྲུབ་ཀྱི་སྒོ་ནས་ཌཱ་ཀིའི་བསུན་བཟློག་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཞལ་བཞེས་ཟབ་མོ་བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་སྩལ་ཐོབ་པ་ལྟར་ྋམགོན་པོ་གང་ཉིད་མཆོག་གིས་ཐུགས་བརྩེ་འདོར་མེད་ཀྱིས་དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་བསྟི་གནས་སུ་ྋཞབས་སོར་འཁོད་སྐབས་འཚམས་ཞུའི་མཇལ་དར་འབུལ་ལམ་དང་སྦྲགས་གནས་ཆུང་གྲྭ་ཚང་གི་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་སློབ་དཔོན། དགེ་བསྐོས་བཅས་ནས་སྤོས་སྣེས་སྔུན་བསུས་ཏེ་གནས་ཆུང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་བསྟུན་སྐུ་ཞབས་བགྲེས་སོང་ཐུབ་ཤེས་ལགས་ནས་རྟེན་གསུམ་འདེགས་འབུལ་ཞུས་པ་དང༌། གནས་ཆུང་ཆོས་སྐྱོང་དང་ལྷ་མོ་ཚེ་རིང་མཆེད་ལྔ་སྤྱན་འདྲེན་ཁག་དབུ་འཛུགས་ཞུས།སྤྱན་འདྲེན་ཁག་གྲུབ་མཚམས་སུ་ཡང་སྟེང་གཟིམ་ཆུང་དུ་གདན་ཞུས་ཀྱི་སྐུ་ངལ་གསོས་གནང་མཛད་གྲུབ་རྗེས་གནས་ཆུང་སྐུ་རྟེན་དང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྤྱན་རྒྱ་སྤོས་སྣེས་འདུ་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་ྋཞབས་སོར་འཁོད་པ་དང༌། བརྟན་བཞུགས་རྡོ་རྗེ་སློབ་དཔོན་ནས་མཇལ་དར་རྐྱང་འབུལ་ཞུས།  ཆོག་གཞུང་ལྟར་ཞལ་འདོན་དབུ་འཛུགས་མུར་གསོལ་ཇ་བཞེས་འབྲས་རིམ་པར་འདེགས་འབུལ་ཞུས།  ཆོག་གཞུང་གི་མཚམས་སུ་མཁའ་འགྲོ་དང་སྐུ་གླུད་ཕྱིར་འདེངས། གསོལ་འདེབས་མཎྜལ་གནས་ཆུང་སྐུ་རྟེན་ནས་འདེགས་འབུལ་ཞུས།  དེ་ནས་རྡོ་རྗེ་སློབ་དཔོན་ནས་ཚེ་རྫས་དང༌། རྫས་བརྒྱད། རྟགས་བརྒྱད་རྣམས་རིམ་བཞིན་འདེགས་འབུལ་ལེགས་པར་གྲུབ་རྗེས་གཏང་རག་མཎྜལ་གནས་ཆུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འདེགས་འབུལ་ཞུས།  དེ་ནས་ྋརྒྱལ་བའི་ྋཞབས་བསྟན་གསུངས་མུར་སྐུ་རྟེན་ཁག་དང༌། འདུས་མང་རྣམས་ལ་མཇལ་ཕྱག་བཀའ་དྲིན་སྩལ་མུར། ཤིས་བརྗོད་དང༌། བསྟན་རྒྱས་སྨོན་ལམ། ཀ་ཁྲི་སྒྲོགས། བརྟན་བཞུགས་ཀྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་གཉིས། དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག  དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་གཅིག་སོགས་མཛད་གཙོ་རྣམ་པ་གདན་ཞུས་ཀྱིས་བརྟན་བཞུགས་ཀྱི་མཛད་རིམ་རྣམས་བཀྲ་ཤིས་ངང་གྲུབ་བསྟུན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྤྱན་རྒྱ་སྤོས་སྣེས་སྤྱི་འཐུས་ལྷན་ཁང་གི་སྒོ་འཕྱོར་བར་ཕེབས་སྐྱེལ་ཞུས་ཏེ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ་པ་བཅས།།

ཕྱོགས་སྒྲིག་བྱེད་པོ།    བསྟན་འཛིན་ཚེ་རིང།

keyboard_arrow_up