སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༡ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་ལ་སྔ་དྲོ་གནས་ཆུང་སྒྲ་དབྱངས་གྲྭ་ཚང་ནས་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་ཚོགས་དྲུང་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་དང་སྦྲགས་ལྷན་ཁང་གི་སྒོ་འཕྱོར་དུ་བོད་ལུགས་གཟབ་མཆོར་སྤྲས་པའི་སྲི་ཞུ་ལས་བྱེད་ན་གཞོན་ཕོ་མོ་ཟུང་གིས་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་འདེགས་འབུལ་དང་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་དགེ་འདུན་པ་བཞི་གྲྭ་གདན་ཞུས་ལྟར་བཀྲ་ཤིས་གསོལ་ཏེ་སྔ་དྲོ་ཆུ་ཚོད་ ༡༠།༢༥ ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་གསར་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་འབྱེད་བྱིན་རླབས་མཛད་པའི་ཚིག་བརྗོད་འཁོད་པའི་པང་རྡོ་ཞལ་འབྱེད་དང་།  དེ་བཞིན་དེང་ལུགས་ཚོན་ལྡན་དར་རས་གཅོད་འབྲེག་གིས་དབུ་འབྱེད་མཛད་པ་དང་ཆབས་ཅིག་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ལ་རབ་གནས་བྱིན་རླབས་བཀའ་དྲིན་ཆེ་བ་སྩལ། དེ་ནས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱྲི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་གྲོས་ཚོགས་ཀྱི་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་བཀའ་དྲིན་ཆེ་བ་འཁོད་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་རིམ་བཞིན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་དཔལ་ལྡན་སྲིད་སྐྱོང་མཆོག  དཔལ་ལྡན་ཚོགས་གཞོན་མཆོག་བཅས་ཀྱིས་མཇལ་དར་རྐྱང་འབུལ་གྲུབ་མཚམས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་གྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་ གསུང་བཤད་གྲུབ་རྗེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དབུ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོ་དངོས་གཞི་ལེགས་པར་གྲུབ་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་དང་བཅས་བཞུགས་སྒར་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །

བསྟན་འཛིན་ཚེ་རིང་ནས་ཕྱོགས་སྒྲིག་ཞུས།

keyboard_arrow_up