༄༅།།བོད་རྒྱལ་ལོ་ ༢༡༣༩ རབ་བྱུང་བདུན་པའི་ཆུ་འབྲུག་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་༢ བར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཆེན་རྒྱས་པ་དང་། འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པ་བཞུགས་སྒར་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་བསྐྱངས་པའི་གྲོས་གཞི་གྲོས་ཆོད་ཁག་གཤམ་གསལ

གྲོས་གཞི།

ཀ༽༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་སྲི་ཞུ་ཚགས་ཚུད་སྒྲུབ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

༡༽རང་ཅག་བོད་འབངས་རྣམས་ལ་༸སྐྱབས་མགོན་༸རྒྱལ་བའི་སྐུ་ཕྱྭ་ལས་ལྷག་པའི་གནད་དོན་གཞན་མ་མཆིས་པའི་ངོས་འཛིན་གསལ་པོ་ཐུབ་པའི་སྒོ་ནས། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པ་ཞིག་ཞུ་གལ་ཆེ་བར་སོང་། བར་ལམ་༼ཚོགས་པའམ་མི་སྒེར་རེ་ཟུང་ནས་བོད་གཞུང་ཕྱིར་བསྡུ་སོང་ཚུལ་རྟོག་འཇུག་མི་ལྡན་པའི་དཀྲུག་རྐྱེན་ཆེད་བཟོའི་ཤོད་ཕྱོགས་དབང་གིས་༽ལྷ་དགོངས་འཁྲུག་གཞིར་གྱུར་པའི་བཀའ་སློབ་ཕེབས་རིམ་ལ་གཞིགས་ཏེ། ཚོགས་ཆེན་འདི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་༸སྙན་འབུལ་རྒྱུ་དང་སྦྲགས། ཕྱིན་ཆད་དབུས་གཙང་མི་རེ་ངོ་རེའི་ངོས་ནས་དེ་ལྟར་གཡམ་རྒྱུགས་མི་འབྱུང་བའི་བླང་དོར་ཡིད་དམ་བརྟན་བཟུང་ཞུ་རྒྱུ།

༢༽སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུས་གཙང་ཆོལ་ཁའི་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་མཇལ་བཅར་སྔ་ཕྱིའི་སྐབས་བཀའ་སློབ་ཟབ་མོ་སྤྱི་བོར་ཕེབས་པ་ཁག་ལ་དབུས་གཙང་འགོ་མང་ནས་ལག་ལེན་འཁེལ་མིན་ཞིབ་འཇུག་དང་འབྲེལ་མ་འཁེལ་བ་རྣམས་ཕྱིན་ཆད་ཕྱག་ལེན་འཁེལ་ཐབས་གནང་རྒྱུ།

༣༽དགྲ་ཕྱོགས་ནས་༸རྒྱལ་བའི་སྐུ་ཕྱྭར་གཅིག་ཏུ་དམིགས་པའི་ཛ་དྲག་གི་བྱ་ངན་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ལ། དབུས་ས་གཉིས་ནས་དོ་ཁུར་ཆེན་པོས་གདོང་ལེན་དང་། ནང་ཁུལ་དམ་གཙང་རྡོག་རྩ་གཅིག་སྒྲིལ་ངང་དུས་བསྟུན་མང་ཚོགས་རང་བཞིན་གྱི་འགན་ཁུར་ཆེ་རུ་འགྲོ་ཐབས། རྒྱ་དམར་ཐབས་ཕྱོགས་གཅིག་གྱུར་གྱིས་རྒྱུད་བརླམས་པ་དོལ་རྒྱལ་ཚོགས་པའི་གཡོ་ཇུས་ཀྱི་དབང་དུ་མི་འཕྱན་པའི་གོ་བཀོན་སློབ་གསོ་རྒྱུན་མཐུད་གནང་རྒྱུ།

༤༽གཙོ་བོ་རྒྱ་གར་དབུས་སའི་གཞུང་དང་། བདེ་སྲུང་ལས་ཁུངས་བཅས་ནས་ད་ཕན་༸རྒྱལ་བའི་སྐུ་ཕྱྭའི་ཐད་ཐུགས་འགན་ཚགས་ཚུད་རླབས་ཆེན་བཞེས་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་དང་འབྲེལ་ད་དུང་སྔར་ལྷག་ཐུགས་འགན་གཟབ་བཞེས་ཡོང་བའི་བདེ་སྲུང་ལས་ཁུངས་ལ་གཤམ་གསལ་ལྟར་གྱི་རེ་སྐུལ་སྙན་འབུལ་ཞུ་རྒྱུ།

 

༥༽༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་སྨིན་ཕེབས་ཀྱི་གནས་བབས་ལ་བརྟེན་ཕྱོགས་ཕེབས་གདན་ཞུའི་མཛད་རིམ་ཉུང་འཕྲི་དང་། སྐུ་ངལ་གསོ་བའི་གོ་སྐབས་འབུལ་ཐབས། གདན་ཞུ་ཆིབས་སྒྱུར་གལ་ཆེའི་སྐབས་ཀྱང་རང་བཞིན་ལས་སླ་སྟབས་བདེ་ལྟ་བུར་མ་སོང་བར། ༸སྐུའི་མཚན་མཐོང་ལ་གཞིགས་ནས་ཆེ་བཀུར་སྲི་ཞུ་ཟབ་གཟེངས་དང་འབྲེལ་ཐད་འཕུར་ཕེབས་གྲུ་༼ཨིན་ཇིན་༽གཅིག་ཅན་གྱི་ནང་དུ་གདན་ཞུ་གནང་ཐལ་ནམ་ཡང་མེད་པའི་འབྲེལ་ཡོད་མཛད་འཆར་འགན་བཞེས་ལས་ཁུངས་ཚན་ཁག་ལ་འབོད་སྐུལ་ནན་ཏན་ཞུ་རྒྱུ།

༦༽གནས་མཆོག་རྡོ་རྗེ་གདན་སོགས་རྒྱ་གར་ནང་ཁུལ་ལ་ཆིབས་སྒྱུར་བསྐྱང་སྐབས་༸སྐུ་བཅར་སྐུ་སྲུང་མི་འགྲོ་འཆར་འཕར་ཁག་ལ་སྐབས་ཐོག་འོས་འགན་ཟབ་སྦྱོང་ཚད་ཐུབ་དོ་བརྟན་གྱིས་བསྐོ་འཛུགས་དང་། མཛད་འཛིངས་ཆེ་བའི་ཁྲོད་༸རྒྱལ་བའི་ཕེབས་ཊོར་སོགས་ལ་ལྟ་རྟོག་སྟངས་འཛིན་དམ་གཟབ་ཡོང་བར་ཞུ་སྐུལ།

༧༽ཕྱི་ནང་མཇལ་བཅར་དང་། གསུང་ཆོས་སོགས་ཀྱི་སྐབས་སུའང་སེར་སྐྱ་ཕོ་མོ་མཆོག་དམན་ཡོངས་ལ་ལུས་བཤེར་ཞིབ་ཚགས་དང་། དམིགས་བསལ་ལག་ཐོག་ཁ་པར་སོགས་འཕྲུལ་ཆས་ཆེ་ཕྲའི་རིགས་མཉམ་འཁྱེར་མི་ཆོག་པའི་ཐད། སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་མང་ཚོགས་དཀྱུས་མའི་བར་ལ་དབྱེ་འབྱེད་མེད་པར་ཞིབ་བཤེར་བཀག་འགོག་ཚད་ལྡན་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

༨༽ལས་དོན་ཐ་དག་བསོད་ནམས་ཀྱི་རྒྱབ་བརྟེན་ལ་རག་ལུས་པར་སོང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་ས་མང་ཚོགས་ཡོངས་ནས་ཕྱིན་ཆད་བཀའ་འགལ་ཐུགས་ཕམ་ཡོང་གཞིའི་བྱ་བར་མི་ཞུགས་པའི་ཐོག་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།  ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་རེ་མོས་གདན་ཞུས་རྒྱལ་སྤྱིའི་བདེ་འཇགས་དང་། ༸སྐུ་ཕྱྭ་བསྟན་སྲིད་ལ་དམིགས་པའི་ཞབས་རིམ་གཞི་རྒྱ་ཆེ་བ་རེ་སྨིན་སྒྲུབ་ཞུ་རྒྱུའི་དུས་ཚོད་དང་ལས་འཆར་དབུས་ནས་གཏན་འབེབ་རྒྱ་འགྲེམས་གནང་རྒྱུ།

གྲོས་གཞི།

ཁ༽བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ཕྱར་གྲུ་མཉམ་འདེགས་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར།

གྲོས་ཆོད།

༡༽བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པའི་གྲོས་ཆོད་ཁག་རྩ་ནན་གྱིས་དབུས་གཙང་ཆོལ་ཁའི་མང་ཚོགས་ཀྱི་ངོས་ནས་རྒྱ་ཁྱབ་ས་ཁུལ་སོ་སོར་བོད་ཆོལ་གསུམ་ཁོངས་གཏོགས་ཚོགས་སྐྱིད་དང་བཅས་པ་མཉམ་རུབ་ཐོག་ཕྱི་ནང་གསང་གསུམ་གྱི་སྐབས་བབས་ལས་འགུལ་ཁག་ལ་ཕྱར་གྲུ་མཉམ་འདེགས་རྒྱབ་སྐྱོར་གྱིས་མཛད་རྗེས་འཇོག་ཐབས་ལ་དབུས་ས་གཉིས་ནས་ཐུགས་ཁུར་ཆེ་བསྐྱེད་གནང་རྒྱུ།

༢༽ཕྱི་ལོ་ ༡༩༤༩ ལོ་རྒྱ་དམར་བཙན་འཛུལ་གྱིས་བོད་མིའི་ཐོག་དྲག་གནོན་དང་། གདུག་རྩུབ་མཁྲེགས་འཛིན་གྱི་སྲིད་ཇུས་ལག་བསྟར་བྱས་པར་འུ་ཐུག་ཐབས་ཟད་ཀྱིས་བོད་བསྟན་སྲིད་མི་རིགས་བཅས་པའི་དོན་དུ་རང་གར་ངོས་ལེན་མ་བྱས་སྟབས་རྒྱ་ནག་གཞུང་གིས་སྡུག་སྦྱོང་སྣ་ཚོགས་བཏང་སྟེ་རང་རིགས་དཔའ་བོ་དང་དཔའ་མོ་གྲངས་ལས་འདས་པའི་ཚེ་སྲོག་ཤོར་བ་དང་། ལྷག་དོན་ ༢༠༠༩ ཚུན་བོད་ཕྱི་ནང་གཉིས་སུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་གཏོང་ཕོད་པའི་རྒྱལ་གཅེས་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་སེམས་ཚོར་མི་བོར་བའི་སྒོ་ནས་ལོ་ལྟར་ཟླ་བ་ ༩ ཚེས་ ༢༧ ཉིན་ས་གནས་སོ་སོར་མཆོད་འབུལ་ལྟར་ཆགས་སུ་གནང་རྒྱུ།

༣༽ དབུས་གཙང་ཆོལ་ཁོངས་མི་རེ་ངོ་རེས་དེང་བོད་ནང་ཛ་དྲག་སྲོག་ལ་ཐུག་པའི་གནས་སྟངས་སྔ་ཕྱི་རིམ་མཐུད་དུ་བྱུང་དང་ཡོང་བཞིན་པར་སེམས་ཚོར་བརྟན་པོས་རྒྱ་གར་བས་གཙོ་བྱས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་མ་མཐར་ཕྱི་མི་གྲོགས་པོ་རེ་རག་ཐབས་གནང་སྟེ་གྲོགས་པོ་གསར་ཐོབ་ཚོགས་པ་དང། མི་སྒེར་སོ་སོའི་མཚན་གཞུང་དབུས་སྤྱི་ཁྱབ་རྒྱུན་ལས་ལ་འབུལ་རྒྱུར་ས་རྒྱུན་སོ་སོས་འགན་བཞེས་གནང་རྒྱུ།

གྲོས་གཞི།

ག༽དབུས་གཙང་མི་མང་ནས་མི་ལོ་ ༣༦༩ བརྒལ་བའི་རིང་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོར་བློ་སྙིང་བྲང་གསུམ་གཏད་དེ་ཞབས་འདེགས་ཞུས་པ་ནི།༼དོམ་དམ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཡོད་པ་བཞིན་༽༸གོང་ས་མཆོག་གི་བཀའ་དགོངས་ལྟར། བོད་མིའི་སྒྲིག་འཛུགས་ལ་སྔ་ལྷག་དབུ་འོག་དཔུང་འདེགས་ཞུ་འོས་ཇི་དགེའི་སྐོར།

གྲོས་ཆོད།

༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་༸སྐུ་ཕྲེང་རིམ་བྱོན་ནས་རྩ་འཛུགས་དབུ་འཁྲིད་བསྐྱངས་པའི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་དང་། ཡང་སྒོས་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་དགུང་གྲངས་བཅུ་དྲུག་སྟེང་བོད་ཀྱི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་པ་ནས་བཟུང། དུས་ད་ལྟའི་བར་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཆོལ་གསུམ་བོད་འབངས་ཡོངས་ལ་འཕྲལ་ཡུལ་ཕན་བདེ་ཁོ་ནར་དགོངས་པའི་ཆོས་སྲིད་ལུགས་གཉིས་ཀྱི་འགག་རྩའི་གནད་དོན་ཐག་གཅོད་ཆེ་ཕྲ་ཐ་དག་ལ་དགོངས་དཀྱེལ་ཟབ་མོས་མཛད་ཇུས་ལམ་སྟོན་སྣེ་འཁྲིད་ཇི་མཛད་ནོར་འཁྲུལ་ཆ་ཤས་ཙམ་མི་མངའ་བའི་ མཛད་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་དུ་ངོས་འཛིན་གསལ་པོ་ཞུ་རྒྱུ་དང། དུས་བསྟུན་མང་གཙོའི་ལམ་སྟོན་གསལ་བར་མཛད་ཕྱིར་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་སྩལ་ཡུལ་གཞུང་དགའ་ལྡན་ཕོ་བྲང་ཆེན་པོའི་སྲིད་གཞུང་རྒྱུན་མ་ཆད་པའི་ཁྲིམས་མཐུན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དེ་སྔ་དབུས་གཙང་མི་མང་ནས་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོར་དབུ་འོག་དཔུང་འདེགས་ཞུས་པ་དང་དབྱེར་མེད་པའི་བརྩི་བཀུར་དང་། ཞབས་འདེགས་གུས་ཞེན་ལྷག་བློ་ཆེ་བསྐྱེད་ཞུ་རྒྱུའི་ལས་འཆར་དམིགས་བསལ་གྲོས་འཆམས་བྱུང་བ་གཤམ་གསལ།

༡༽རང་རིགས་ན་གཞོན་རྣམས་ཕྱི་ནང་གཉིས་ཀྱི་བསམ་བློའི་གནས་ཚད་གཅེས་གསོ་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྟབས་ས་གནས་སོ་སོའི་ན་གཞོན་ཁག་ལ་ཆབ་སྲིད་ཀྱི་ཟབ་སྦྱོང་ཡང་ཡང་སྤྲོད་ཐབས་བྱ་རྒྱུ།

༢༽ད་ཡོད་ཆོས་སྒར་ཁག་ནང་བོད་ཕྲུག་ཆོས་ཞུགས་བྱ་མཁན་ཉུསཤས་ལས་མེད་པའི་གཟིགས་ཚུལ་མངོན་གྱུར་ལ་གཞིགས་ཏེ་བོད་མིའི་སྡོད་སྒར་ཁག་གི་ནང་ནས་དགོན་པ་གྲྭ་ཚང་ཁག་ཏུ་ཆོས་ཞུགས་གང་མང་ཡོང་ཐབས་དང་། ཕྱོགས་མཚུངས་བོད་མིའི་ཆབ་སྲིད་གནས་བབས་ལ་བསམ་ཞིབ་ཀྱིས་སྤྱི་ཚོགས་ནང་རང་རིགས་ཕྲུ་གུ་སྐྱེས་འཕེལ་གྲངས་སྣོན་ཡོང་རྒྱུར་ཕ་མ་མང་ཚོགས་རྣམས་ལ་གང་ཅིའི་དགེ་མཚན་གོ་བཀོན་གསལ་བཤད་གནང་རྒྱུ།

༣༽བོད་མིའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་གཞུང་འབྲེལ་གཏན་ཕབ་ཟིན་པ་ལྟར་རྒྱ་ཆེའི་མང་ཚོགས་ལ་དགེ་མཚན་ངོ་སྤྲོད་སློབ་གསོ་མཐིལ་ཕྱིན་པ་གནང་རྒྱུ།

༤༽བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་མི་མང་སྤྱི་འཐུས་རྣམས་ཀྱི་ཐུགས་འགན་གཙོ་བོ་ཁྲིམས་བཟོའི་ལས་དོན་ཡིན་པ་མ་ཟད། འཛིན་སྐྱོང་བཀའ་ཤག་ལ་སྟངས་འཛིན་དང་། ལམ་སྟོན་གནང་མཁན་གལ་པོ་ཆེར་སོང་དེ་རྩིས་མ་འོངས་པར་གང་ཅིའི་ཆ་རྐྱེན་ལྡན་པའི་གང་ཟག་ཞེ་ཅིག་འོས་འདེམས་ཐུབ་དགོས་པ་ཤིན་ཏུ་གལ་འགངས་ཆེ་བས་མང་ཚོགས་ལ་གོ་རྟོག་སྤེལ་གནང་རྒྱུ།

གྲོས་གཞི།

ང་༽དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཚགས་ཚུད་དང་སྲ་བརྟན་གོང་མཐོར་གཏོང་ཐབས་ཇི་དགེའི་སྐོར།

གྲོས་ཆོད།

༡༽དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ས་རྒྱུན་མེད་པའི་ས་གནས་ཁག་ལ་འདེམས་བསྐོ་གསར་འཛུགས་ཐུབ་ཐབས་དབུས་ནས་ལམ་སྟོན་མཐུན་སྦྱོར་གནང་རྒྱུ།

 

༢༽དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་སྲ་བརྟན་ཡོང་བར་དབུས་གཙང་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་དང་། ཡིད་ཆེས་མེད་དུ་མི་རུང་བར་སོང་། མང་ཚོགས་ཀྱི་མངོན་འདོད་དང་བདེ་སྡུག་གསལ་པོ་ཤེས་རྟོགས་ཐུབ་ཕྱིར། དབུས་གཙང་ཁྱབ་ཁོངས་དགོན་སྡེ་དང།་ཚོགས་སྐྱིད་ཁག་དང་འབྲེལ་བ་ཞུ་འོས་མུ་མཐུད་ཞུས་ཏེ་ཚོགས་ཆེན་སྐབས་སུ་ས་གནས་སོ་སོའི་ཚོགས་སྐྱིད་སྡེ་ཁག་གི་འཐུས་མི་རེ་ཚོགས་བཅར་མཉམ་ཞུགས་ཡོང་ཐབས་སུ་ཁོར་ཡུག་བསྐྲུན་རྒྱུ།

༣༽གཙོ་བོ་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་ཐབས་ཀྱི་རྨང་གཞིར་གྱུར་པ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དང་ཁོངས་གཏོགས་དགོན་སྡེ་གྲྭ་ཚང་དང་། ཚོགས་སྐྱིད་ཁག་དང་བཅས་པར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་སུ་འབད་བརྩོན་རྒྱུན་བསྲིང་བྱ་རྒྱུ།

༤༽ དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞིའི་ནང་ལ་བོད་ནས་གསར་དུ་སླེབས་རིགས་མཉམ་ཚུད་ཐུབ་པ་བྱུང་བ་ཚེ་དགེ་མཚན་ཆེ་བར་མངོན་གྱི་འདུག།

གྲོས་གཞི།

སྤྱིར་བོད་ཀྱི་སྐད་ཡིག་གཞུང་དང་བྱེ་བྲག་ཏུ་དབུས་གཙང་ཆོལ་ཁའི་ལུང་ཚན་སོ་སོའི་སྐད་དང་གོམས་གཤིས་དང་རིག་གཞུང་ཚགས་བདག་གཅེས་དང་འབྲེལ་ལོ་རྒྱུས་ཕྱོགས་བསྒྲིགས་སྐོར།

གྲོས་ཆོད།

༡༽སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཏུ་གསུངས་པ་ལྟར་ཐོག་མར་ཕ་མས་རང་ཁྱིམ་སོ་སོ་ནས་གཞི་རྩ་འགོ་འཛུགས་གནང་སྟེ་ཕ་མའི་ངོས་ནས་ཡུལ་ལུང་བའི་སྐད་ཆ་ལུགས་དང་། ཡ་རབས་བཟང་ཆའི་གོམས་གཤིས་རྨང་གཞི་བརྟན་ཚུགས་ཐུབ་ཐབས་དང་། ས་གནས་སོ་སོར་གཙོ་གྱུར་ཤེས་ལྡན་རྒན་རབས་རྣམ་པར་གོང་བཀུར་གྱིས་བོད་ཡིག་ཤེས་པའི་གང་ཟག་ཚོས་བདུན་རེའི་ནང་ཟབ་སྦྱོང་གང་མང་རྒྱུན་དུ་སྤེལ་ཐབས་གནང་རྒྱུ།

༢༽རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་བསམ་ཤེས་གུ་ཤངས་ནམ་ཡང་མེད་པའི་དྲག་གནོན་མཁྲེག་འཛིན་གྱི་སྲིས་ཇུས་ལ་ངོ་རྒོལ་དང་། བོད་རྒྱའི་འབྲེལ་མོལ་འཕེལ་རིམ་དང་། རྗེས་འབྲས། དབུ་མའི་ལམ་གྱི་ཁྱད་གནད་གྲུབ་འབྲས་ཁག་མང་ཚོགས་སྤྱི་དང་། ཡང་སྒོས་ན་གཞོན་སློབ་ཐོན་པ་གཙོ་གྱུར་མི་རབས་གསར་པ་རྣམས་ལ་ཆབ་སྲིད་ཀྱི་འགན་འཁུར་རྩིས་སྤྲོད་སླད་གོ་རྟོགས་སློབ་གསོ་རྒྱུན་འཁྱོངས་བྱ་རྒྱུ།

 

གྲོས་གཞི།

ཆ༽དབུས་གཙང་མི་རབས་རྒན་པ་དང་སྲི་ཞུ་བ་བགྲེས་ཡོལ་སོགས་བྱས་རྗེས་ཅན་རྣམས་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས་དང་ཆེ་བསྟོད་ཞུ་ཕྱོགས། དེ་བཞིན་གཞོན་སྐྱེས་ཚོར་སློབ་གསོ་ལམ་སྟོན་གནང་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

༡༽དབུས་གཙང་ཆོལ་ཁའི་ཁོངས་གཏོགས་མི་རབས་བགྲེས་རིམ་དང་། སྲི་ཞུ་བགྲེས་ཡོལ་བ། དེ་བཞིན་ཆོས་དང་རིག་གཞུང་། འཕྲོད་བསྟེན། དཔལ་འབྱོར། ཤེས་རིག་སྤྱི་ཚོགས་སོགས་ཀྱི་ཞབས་ཞུའི་ལོ་དུས་རྒྱས་དཔྱད་དང་འབྲེལ་འཆར་གཞི་ཁ་གསལ་ཞིག་གཏན་འབེབས་གསལ་བསྒྲགས་གནང་འོས་གནང་སྟེ།ཆེ་བསྟོད་ཞུ་རྒྱུའི་ཐོག་ན་གཞོན་ཚོའི་ལྟ་ཀློག་བདེ་བའི་ལོ་རྒྱུས་སྙིང་བསྡུས་ཞིག་ཕྱོགས་བསྒྲིགས་བྱ་རྒྱུར་མོས་མཐུན་ཞུ་རྒྱུ་དང་། དེ་བཞིན་གཞོན་སྐྱེས་ཚོའི་ཁམས་དང་། མོས་པར་འཚམས་པའི་སློབ་གཉེར་འཕྲོ་སྐྱོང་དང་། ལས་ཞུགས་གནས་སྟངས་ཐད་སློབ་གསོ་ལམ་སྟོན་དབུས་ས་གཉིས་ནས་ཞུ་རྒྱུ།

༢༽སྒྲིག་འཛུགས་ཀྱི་དབུ་འཁྲིད་ལས་ཟུར་དང་། དབུས་གཙང་ཆོལ་ཁོངས་སྤྱི་འཐུས་ལས་ཟུར་དང་། བླ་སྤྲུལ་མཁས་དབང་སོགས་ས་གནས་སོ་སོར་ཕེབས་འཁོད་སྐབས། གུས་བསུ་སྣེ་ལེན་ཟབ་གཟེངས་དང་འབྲེལ་བཀའ་སློབ་གསུངས་བཤད་ཡོང་བའི་གླེང་སྟེགས་བསྐྲུན་རྒྱུ།

ཇ༽དཔལ་འབྱོར་འདུ་འགོད་སྐོར།

༡༽ད་ཕན་དབུས་རྒྱུན་རིམ་པས་དཔལ་འབྱོར་ཐབས་ཤེས་འདུ་འགོད་གང་དྲགས་གནང་བར་ཐུགས་རྗེ་ཆེ་ཞུ་དང།ད་ཡོད་ཕྱག་དངུལ་མ་འབབ་ཀྱི་སྟེང་ས་རྒྱུན་ཁག་ཁོངས་སྐྱེད་མེད་གཡར་བསྐྱིའི་ཐབས་ལམ་གང་ཐོན་ཐོག་དབུས་ཀྱི་ལས་ཁུངས་དང། ཚོགས་ཁང། འགྲུལ་ཁང་བཅས་གང་མྱུར་ཨར་པོ་བསྐྱོན་སྟངས་དབུས་ནས་ཕྱག་བཞེས་དང་འབྲེལ་ལས་འཆར་འདིའི་ཐོག་ས་གནས་སོ་སོའི་ཐོག་ནས་མང་ཚོགས་ལ་གཞོག་འདེགས་གང་དྲག་ཡོང་ཐབས་འབད་བརྩོན་གནང་རྒྱུ།

སྤྱི་མོས།

༣༽བོད་མིའི་སྒྲིག་འཛུགས་ཀྱི་གཙོ་སྐྱོང་དང་། ཆོལ་ཁའི་སྤྱི་འཐུས་སོགས་སྤྱི་པར་ཐུགས་ཕན་གསོས་པའི་མི་འགྲོ་དྲག་འདེམས་འོས་དང་འོས་འགྲོའི་སྔོན་འགྲོ་དང་དངོས་གཞི་ལས་རིམ་ཁག་ལ་ལུང་ཚན་གྱི་འཐེན་འཁྱེར་སྤངས་ཏེ་བཅའ་ཁྲིམས་རིན་པོ་ཆེ་དང། འོས་བསྡུའི་སྒྲིག་དོན་དང་མཐུན་པར་དྲང་བདེན་དང་། འདྲ་མཉམ་རང་དབང་གི་མཐའ་དཔྱོད་ཚད་ལྡན་མང་གཙོའི་སྲོལ་འགྲོས་དང་མཐུན་པའི་ཆ་རྐྱེན་ཚང་བའི་སྒོ་ནས་བསྐོ་གཞག་ཐུབ་ཐབས་ཐད་དབུས་ས་གཉིས་ཕྱོགས་ནས་འགན་འཁུར་ཟབ་ལྡན་ཞུ་རྒྱུ། དབུས་གཙང་ཆོལ་ཁོངས་ནས་དཔའ་བོ་གཉིས་ཀྱིས་སྐུ་སྲོག་མེར་བསྲེགས་དངོས་སུ་བཏང་ཡང་། རྣམ་གཉིས་ཀྱི་སྐུ་པར་ཙམ་འབྱོར་སོན་ཕྱིར་བསྒྲགས་མ་ཐུབ་པའི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་ཕྱིན་ཆད་དེ་འདྲ་མི་ཡོང་བའི་འབད་ཐབས་བྱ་རྒྱུ།

 

 

keyboard_arrow_up