༢༠༡༣ ཟླ་ ༡ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༧ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱིའི་འདུ་ཁང་ནང་༸གོང་ས་༸སྐྱབས་མགོ་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༦ པ་དབུ་འཛུགས་བསྐྱངས་ཡོད།

དེ་ཡང་ཐོག་མར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བགྲོ་གླེང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ངོ་སྤྲོད་དང་འབྲེལ་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་ནས་ནང་པའི་ལྟ་གྲུབ་དང་ནང་ཆོས་ཀྱི་ཚན་རིག་རྣམ་གཞག དེ་བཞིན་དེང་དུས་ཚན་རིག་དབར་བགྲོ་གླེང་མཛད་རྒྱུའི་དགོངས་བཞེད་མཛད་པ་ནི་རླབས་ཆེན་གྱི་དགོངས་བཞེད་ཅིག་ཡིན། ལྷག་པར་ད་ལྟའི་ཆར་བོད་པའི་དགོན་སྡེ་ཁག་ནང་བགྲོ་གླེང་འདི་འདྲ་ཞིག་ཚུགས་ཐུབ་པ་ནི་དམིགས་བསལ་གལ་གནད་ཅིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གྲུབ་བསྟུན། སྔ་དྲོའི་ཚོགས་ཐུན་རིང་བགྲོ་གླེང་མཛད་རྒྱུའི་བརྗོད་གཞི་གཙོ་བོ་ནི། ཚན་རིག་དང་ནང་པའི་ལྟ་ཚུལ་ཐོག་ནས་གཞི་དངོས་པོའི་གནས་ལུགས་ལ་དཔྱད་པ་བྱ་ཚུལ་སྐོར་ཡིན་འདུག

སྐབས་དེར་སེམས་དང་སྲོག་གི་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨར་ཐར་ཛ་ཇོང་ (Arthur Zajonc) མཆོག་གིས་གསུང་བཤད་གནང་སྐབས། སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་འདི་བཞིན་ལོ་ངོ་ ༢༥ གོང་ཙམ་ནས་འགོ་འཛུགས་གནང་བ་དང། དེང་སྐབས་བོད་པའི་གདན་ས་ཁག་གི་སློབ་ཚན་ནང་ཚན་རིག་འཇོག་ཐུབ་པ་ནི་བློ་ཁོག་ཆེན་པོའི་ཡར་རྒྱས་ཀྱི་གོམ་སྟབས་ཤིག་ཆགས་ཡོད། སྤྱིར་ཚན་རིག་ནི་དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་ཡན་ལག་ཅིག་མིན་པར་ཚན་རིག་གིས་གཞི་དངོས་པོའི་གནས་ལུགས་ལ་དཔྱད་པ་བྱས་ནས་འཚོལ་ཐབས་བྱེད་བཞིན་ཡོད། ང་ཚོས་དབང་ཤེས་ལ་གང་མྱོང་ཚོར་བྱུང་བ་དེ་དག་ཡིད་ཤེས་ཀྱི་ནུས་པར་གཞི་བཅོལ་ཏེ་དོན་རྟོག་ཐབས་བྱེད་བཞིན་ཡོད། ང་ཚོས་ཚོད་ལྟ་ཁང་ནང་ཉམས་ཞིབ་གང་བྱས་པ་དེ་དག་འགྲོ་བ་མིའི་བདེ་དོན་ཆེད་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས།

ཕྱོགས་མཚུངས་སྐབས་དེར་ཀླད་ཁམས་ཚན་རིག་པའི་མཁས་དབང་སྐུ་ཞབས་རི་ཆ་ཌི་ཌེ་ཝིཌ་སན་ (Richard Davidson) མཆོག་གིས་གསུང་དོན། ང་ཚོས་དཔྱད་པ་བྱས་ནས་རྙེད་དོན་གང་བྱུང་བ་དེས་ཤེས་ཡོན་དང་འཕྲོད་བསྟེན་ལམ་ལུགས་ནང་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། ལམ་ལུགས་དེ་གཉིས་ནང་དེང་སྐབས་སྒོམ་སྒྲུབ་ཉམས་ལེན་གྱི་ཐབས་ལམ་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། ཅེས་གསུངས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་ངོས་ཀྱིས་༸རྒྱལ་དབང་རིམ་བྱོན་ཐུགས་དགོངས་ཀྱི་གདན་ས། འབྲས་སྤུངས་ཆགས་ཀྱི་ཡོད་པར་དང་ཐོག་འདི་གར་ཕེབས་པའི་ཚན་རིག་པ་མང་དག་ཅིག་ང་ཚོ་ངོ་ཤེས་རྙིང་པ་རེད། ཁག་གཅིག་གསར་དུ་ཕེབས་པ་དེ་འདྲ་འདུག ངོས་ཀྱིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་དགའ་ལྡན་ཁྲི་རིན་པོ་ཆེས་དབུས་འདི་གའི་མཁས་དབང་རྣམ་པ་ཚོ་ཚང་མའི་ཚབ་ཞུས་ཏེ་ཁྱེད་རང་ཚོ་ཚང་མར་དགའ་བསུ་དང་འཚམས་འདྲི་ཞུ་གི་ཡོད། འགོ་སྟོད་ལ་ཚན་རིག་པ་དང་ལྷན་དུ་འབྲེལ་བ་བྱས་ན་ཡག་པོ་མེད་སྐོར་ཕྱི་རྒྱལ་གྱི་མིས་ཀྱང་ངོས་ལ་བཤད་བྱུང་། འོན་ཀྱང་ངོས་ཀྱིས། དགེ་སློང་བདག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བ་བྱ་ཡི་གུས་ཕྱིར་མིན། །ཞེས་པ་དེར་བསམ་བློ་གཏོང་གི་ཡོད། ཚན་རིག་པས་བདེན་དོན་འཚོལ་གྱི་ཡོད་པ་རེད་ལ་སངས་རྒྱས་པའི་ཆོས་ཀྱིས་ཀྱང་བདེན་དོན་འཚོལ་གྱི་ཡོད། ཧ་ལམ་ཚན་རིག་པས་སྒྲོ་འདོགས་དང་སྐུར་འདེབས་སེལ་ཏེ་དངོས་ཡོད་གནས་ཚུལ་འཚོལ་གྱི་ཡོད། སངས་རྒྱས་པའི་ཆོས་ཀྱིས་ཀྱང་སྒྲོ་འདོགས་དང་སྐུར་འདེབས་སེལ་ཏེ་འགྲོ་གི་ཡོད།

ད་ལྟ་བར་དུ་བདེན་དོན་འཚོལ་སའི་ཡུལ་གཞལ་བྱ་དེ། སངས་རྒྱས་པའི་ཡུལ་གཞལ་བྱའི་གནས་གསུམ་གསུང་གི་ཡོད། ཚན་རིག་པ་ད་བར་དུ་གཞལ་བྱ་མངོན་འགྱུར་ཁོ་ན་ལྟ་བུ་རེད། དེར་རིམ་བཞིན་འགྱུར་བ་འགྲོ་གི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཚན་རིག་དང་ནང་པའི་ལྟ་ཚུལ་ཐོག་ནས་གཞི་དངོས་པོའི་གནས་ལུགས་ལ་དཔྱད་པ་བྱ་ཚུལ། (Exploring the Nature of Reality: Buddhist and Scientific Perspectives) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མུ་མཐུད་མཇུག་སྐྱོང་མཛད།
ཕྱེད་ཡོལ་ཚོགས་ཐུན་སྐབས་སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གཞི་དངོས་པོའི་གནས་ལུགས་ (The Nature of Reality) ཐོག་ནང་པ་དང་ཚན་རིག་པའི་ལྟ་གྲུབ་རིག་པའི་རྣམ་གཞག་ཐོག་ནས་དཔྱད་ཚུལ་སྐོར་གསུང་བཤད་གནང་དོན། ནང་ཆོས་ནས་གསུངས་པའི་སྐད་ཅིག་གི་མི་རྟག་པ་ཞེས་པ་དེར་ཚན་རིག་པས་ཧ་ཅང་མི་འདྲ་བའི་ཐོག་ནས་འགྲེལ་བཤད་རྒྱག་བཞིན་ཡོད། སྔ་ལོར་དགོན་པའི་སློབ་ཚན་ནང་དུ་ཚན་རིག་གི་སློབ་ཚན་འཇོག་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང། སློབ་ཚན་དེ་དག་གཏན་འབེབས་ཇི་ལྟར་བྱེད་དགོས་མིན་ཐོག་ད་དུང་གོ་བསྡུར་སྦྱངས་བཤད་གནང་དགོས། དགེ་འདུན་པ་ཚོར་གཞི་དངོས་པོའི་རྣམ་གཞག་ཐོག་དཔྱད་པ་བྱ་རྒྱུའི་སྦྱངས་པ་ཡོད་པར་བརྟེན། སློབ་གྲྭ་སྤྱི་འདྲ་སྤྱི་མཚུངས་ལྟར་ཚན་རིག་སློབ་ཚན་ངོ་སྤྲོད་བྱས་ན་ཏག་ཏག་སྡོད་ཀྱི་མ་རེད། ཅེས་གསུངས།

དེ་ནས་སྐུ་ཞབས་ཇོན་དུ་རནྟ་ (John Durant) མཆོག་གིས་རང་གི་ཆུང་མ་ཨན་ནེ་ཧེར་རིངྒ་ཊོན་ (Anne Harrington) གྱི་ཚབ་ཞུས་ཏེ་གསུང་བཤད་གནང་བ་མ་ཟད། ལྕམ་སྐུ་ཝིན་ཌི་ཧ་སེན་ཀེམ་ (Wendy Hasenkamp) མཆོག་གིས་ཀླད་རྩའི་བྱེད་ལས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་༸གོང་ས་མཆོག་ཞུགས་གནས་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་གྲུབ་བསྟུན། ཚན་རིག་པ་རྣམས་ཀྱིས་ཚོགས་བཅར་བའི་དྲི་བ་རྣམས་ལ་ལན་འདེབས་དང་གསལ་བཤད་གནང་ཡོད་པ་བཅས།།
http://bod.asia/2013/01/༸གོང་ས་༸སྐྱབས་མགོན་ཆེ9-10-300/

keyboard_arrow_up