ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག་གིས་གཙོས་དགེ་བཙུན་གྲངས་ཉིས་སྟོང་ལ་ཉེ་བ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་དབུས་བཀའ་ཟུར་ཁག་གཅིག་དང་གཞུང་ཞབས་ལས་སུར་ཁག་གཅིག བོད་མི་མང་སྤྱི་འཐུས་ལས་ཟུར་ཁག་གཅིག་སོགས་སྐྱ་བོ་གྲངས་ཁྲི་ལ་ཉེ་བ་བཅས་ཁྱོན་སེར་སྐྱ་མི་མང་གྲངས་ ༢༨༥༠༠ བརྒལ་བར་ཆོས་འབྲེལ་མཇུག་སྒྲིལ་གྱི་བཀའ་སློབ་ཕེབས་དོན། ངོས་རང་གཅིག་བརྗོད་འདོད་བྱུང། ཆོས་རིག་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ། བཀའ་ཟུར་ཟམ་གདོང་རིན་ཆེ་ཁོང་རྣམ་པ་གསུམ་གྱིས་ལྷག་བསམ་དང་སྤོབས་པ་ལྷད་མེད་ཐོག་ནས་སོ་སོའི་དགོངས་འཆར་དང་ལས་བསྡོམས་ལྟ་བུ་གསུངས་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་གསར་འབྱོར་གང་ཙམ་ཞིག་ཡོད་པ་རེད། ཁྱེད་རང་ཚོ་དེ་དག་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཆགས་ཡོད། ངོས་ཀྱིས་དུས་རྒྱུན་ནས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་བོད་ཀྱི་དོན་གྱི་བདག་པོ་རེད། ཅེས་ཤོད་ཀྱི་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་རང་དབང་མེད་པར་བསྡད་ཡོད། ང་ཚོ་བོད་པའི་དཔེར། ཁོག་པར་མེར་འབར་ཡང་། ཁ་ནང་ནས་དུ་བ་མི་ཐོན་པའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་རང་དབང་ལུང་པར་བསྡད་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་ང་ཚོ་བོད་པ་ཉུང་ཤས་ཤིག་རང་དབང་ལུང་པར་ཡོད་པ་དེ་དག་གིས་ང་ཚོ་བརྗེད་ཀྱི་མ་རེད་བསམས་ཏེ་བསྡད་ཡོད།  དེར་བརྟེན་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་མཁན་མཆིས་སུ་ཅོག་ནས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ཚོར་ལས་འགན་ཞིག་བསྐུར་ཡོད་བསམ་པ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་མཚོན་ན། དུས་ད་ལྟ་བར་དུ་ལོ་ལྔ་བཅུ་དྲུག་ཅུ་ལྷག་ཕྱིན་པའི་རིང་སྲོག་ལ་ཐུག་རྒྱུའི་དཀའ་ངལ་འཕྲད་ཡོད། ཕྱི་ལོ་ ༡༩༤༩ དང་ ༥༥།༥༦། ༦༠ ནང་མི་མང་པོ་ཞིག་རྐྱེན་ངན་འོག་འདས་གྲོངས་སུ་གྱུར་བ་རེད། ཧ་ཅང་དཀའ་ངལ་འཕྲད་ཡོད། དཔལ་འབྱོར་ཡར་རྒྱས་བཏང་སྟེ་ཕལ་ཆེར་བསླུ་བྲིད་བརྗོད་ཐུབ་ཀྱི་རེད། བསླུ་བྲིད་བྱ་རྒྱུ་མང་པོ་ཞིག་ཡོང་གི་འདུག  ཆུང་དུས་ནས་བོད་པའི་སྤྱི་ཚོགས་དང་ཁ་འཕྲལ་ཏེ་སློབ་གསོ་བཏང་བའི་ཐོག་ནས་ཐབས་ཤེས་བྱེད་ཀྱི་ཡོད། གང་ལྟར་འཇམ་རྩུབ་ཀྱི་ཐབས་ཤེས་སྣ་ཚོགས་ བྱས་ཡོད། འོན་ཀྱང་བོད་རྒྱ་ཆེའི་མི་མང་གི་བློ་བསྒྱུར་ཐུབ་མེད། བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་རི་བཙུགས་པ་ལྟར་བསྡད་པ་རེད། མི་ཐོག་གོང་མ་རྣམས་རྫོགས་འགྲོ་གི་ཡོད།  མི་ཐོག་གསར་པ་ཡོང་མཁན་དང་མདོར་ན། བྱིས་པའི་གྲས་ཀྱིས་བོད་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཟིན་ནས་སྡོད་ཀྱི་འདུག རྒྱ་མི་གུང་ཁྲན་བསམ་བློ་གུ་དོག་པའི་གྲས་ཀྱིས་ཇི་ཙམ་གྱིས་གདུག་རྩུབ་བྱས་པ་དེའི་ཚོད་ཀྱིས་བོད་མིའི་སེམས་ཤུགས་མཁྲེགས་སུ་དང་ཤུགས་ཆེ་རུ་འགྲོ་གི་འདུག མི་ལོ་ལྔ༌བཅུ་དྲུག་ཅུ་ཕྱིན་ཡང་བོད་ཞེས་པ་འདི་འཛམ་གླིང་འདིའི་སྟེང་གོ་བ་དང་དོ་སྣང་ཡོང་གི་ཡོད། ལྷག་ པར་རྒྱ་རིགས་ནང་ལ་བོད་ཐོག་དོ་སྣང་དང་ཤ་ཚ་ཡོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས། དེ་བཞིན་དཀའ་ངལ་ལ་གདོང་ལེན་བྱས་པའི་འབྲས་བུ་རེད། དེར་བརྟེན་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་དུམ་བུ་ཆུང་ཆུང་ཞིག་འདི་གར་བསླེབས་ཡོད། ཁྱེད་རང་ཚོར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ཁྱེད་རང་ཚོ་བརྒྱུད་ནས་གཞིས་ལུས་རྒྱ་ཆེའི་མི་མང་ཚང་མར་བསྔགས་བརྗོད་དང་སྙིང་སྟོབས་ལ་ངོ་མཚར་སྐྱེད་བཞིན་ཡོད་ལ་ཐུགས་རྗེ་ཆེའང་བརྗོད་རྒྱུ་ཡིན། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོ་བོད་རྒྱ་ཆེའི་མི་མང་གི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་བྱེད་ཐུབ་པ་ཞིག་དགོས། ང་རང་ཚོ་རང་དབང་ལུང་པར་བསླེབས་ཏེ་སོ་སོ་རང་མགོ་གང་ཐོན་ཐོག་ ཕྱིན་ན། ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་གང་ལྟར་བོད་མིའི་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་འདི་མ་དོར་བར་དུ་མིང་བོད་པ་ཞེས་པ་འདི་བརྗེད་རྒྱུ་མེད། ཆ་ལུགས་དང་ལྟ་སྤྱོད་བརྗེ་ཆོག་གི་རེད་ཀྱང་བོད་པ་ཞེས་པ་འདི་འགྱུར་བ་འགྲོ་རྒྱུ་མེད། ཇི་སྲིད་བོད་མིའི་ཤ་ཁྲག་རུས་གསུམ་འདི་གནས་པའི་རིང་ལ་བོད་མི་ཡིན་བསམས་པའི་འདུ་ཤེས་མ་བྲལ་བའི་ཐོག་བོད་རྒྱ་ཆེའི་མི་མང་གི་དཀའ་ཐུབ་དང་སྙིང་སྟོབས་རྣམས་དྲན་པ་བྱེད་དགོས། བོད་མི་རིགས་ཀྱི་ཞེན་ཁོག་དགོས་ཞེས་པ་འདི་གླེན་རྟགས་དང་ཕྱོགས་ལྷུང་གི་ཞེན་ཁོག་ཕལ་ཆེར་མ་རེད། ང་ཚོ་བོད་མི་རིགས་ད་ལྟ་ཆ་བཞག་ན། འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ལྟ་གྲུབ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་བོད་པའི་སྐད་ཡིག་ཡག་ཤོས་རེད་འདུག  སྐད་ཡིག་འདི་བརྒྱུད་ནས་ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་ཞིག་སྐད་ཡིག་འདིའི་ནང་ཡོད། ཕལ་ཆེར་འཛམ་གླིང་འདིའི་ནང་དུ་ནང་པའི་ལུང་པ་མང་པོ་ཞིག་ཡོད་ཀྱང་ཆ་ཚང་བ་ཞིག་ཕལ་ཆེར་ཁག་པོ་འདུག དེ་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་དང་བོད་མི་རིགས་འཚོ་དགོས་རྒྱུའི་རྒྱུ་མཚན་གཅིག་ཆགས་ཡོད། དེ་དང་འབྲེལ་ནས་བོད་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ངོ་ཐོག་འཚེ་བ་མེད་པའི་ལྟ་སྤྱོད། འཚེ་བ་མེད་པའི་གོམས་གཤིས་རང་བཞིན་དང་མ་ནུས་པའི་ཐོག་ནས་མ་ཡིན་པར། ང་ཚོ་བོད་མི་ཆུང་ཆུང་གིས་ཀྱང་སྙིང་རྗེ་ཞེས་པ་རྣ་ཅོག་ལ་གོ་བ་ཞིག་དང་། འབུ་སྲིན་ཆུང་ཆུང་ཚུན་ཆད་སྲོག་གཅོད་རྒྱུ་མེད། ཅེས་ཆུང་ཆུང་སྐབས་ནས་ཕ་མས་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པའི་སྤྱི་ཚོགས་འདི་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་ཏན་ཏན་ཆགས་ཡོད།  སྤྱིར་བཏང་བོད་ལ་ནང་པ་སངས་རྒྱས་པའི་ཆོས་མ་དར་གོང་བོད་མི་ཚོ་ཕལ་ཆེར་སྙིང་རྗེ་ལྡན་པ་ཞིག་ཨེ་ཡིན་མ་ཡིན། ང་ཚོ་འབྲོག་པ་བྱས་ཏེ་ཕར་འགྲོ་ཚུར་འོང་བྱེད་སྐབས་འགལ་རྐྱེན་གང་འདྲ་ཞིག་འཕྲད་ཀྱང་གསད་བཏུབ་བྱེད་མཁན་ཞིག་ཕལ་ཆེར་རེད། ནང་པའི་ཆོས་བོད་ལ་དར་རྗེས་བོད་པའི་གོམས་གཤིས་ལ་འགྱུར་བ་ཕྱིན་པ་མ་ཟད། སྙིང་རྗེའི་རྩ་བར་འགྱུར་བའི་སྤྱི་ཚོགས་ཤིག་ཆགས་ཡོད། དེ་ལྟ་བུའི་སྙིང་རྗེའི་རྩ་བར་འགྱུར་བའི་གོམས་གཤིས་དང་རིག་གཞུང་ཞེས་པ་འདིས་དེང་སྐབས་སྙིང་རྗེས་ཕོངས་པའི་འཛམ་གླིང་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པར། ང་ཚོའི་རིག་གཞུང་དང་གོམས་གཤིས་ཀྱིས་ཕན་ཐོགས་ཡོད་པ་ལྟ་བུ་རེད། དེར་བརྟེན་སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱ་རྒྱུ་དེ་རྒྱུ་མཚན་ཡོད་པའི་ཐོག་ནས་བྱེད་ཀྱི་ཡོད་པ་རེད་མ་གཏོགས་ཕྱོགས་ལྷུང་གི་ཞེན་ཁོག་ཕལ་ཆེར་མ་རེད། ང་ཚོ་ཚང་མས་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་འཚོ་གཞེས་གནས་པའི་ཐོག་ནས་འཛམ་གླིང་སྤྱི་ལ་ང་ཚོས་ཞབས་འདེགས་ག་རེ་སྒྲུབ་ཐུབ་རྒྱུ་འདུག་གམ། སྒྲུབ་ཐུབ་རྒྱུའི་ཆ་རྐྱེན་ཕྲན་བུ་ཡོད་པ་དེའི་ཐོག་ནས་ཞབས་འདེགས་ག་རེ་སྒྲུབ་ཐུབ་རྒྱུ་འདུག དེ་ལྟར་བྱས་ཏེ་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་ནང་ལ་ཡིན་རུང་ཁ་སྔོན་ཞུས་པ་ལྟར། བོད་ལ་ཡུལ་སྐོར་སྤྲོ་འཆམ་རྒྱ་རིགས་མང་པོ་ཞིག་ཡོང་གི་ཡོད། རྒྱ་མི་རིགས་ཡོང་སྐབས་ང་ཚོ་བོད་པའི་ངོས་ནས་སོ་སོའི་གཤིས་ཀ་དྲང་པོ་དང་སྙིང་རྗེ་ཅན་འདི་བསྟན་ཐུབ་པ་དགོས། བར་སྐབས་ངོས་ཀྱིས་གོ་ཐོས་ལ། བོད་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་སྐབས། དངུལ་ཡོང་རྒྱུའི་འདོད་རྔམ་བྱས་ཏེ་གོང་ཚད་ཆེན་པོ་ལེན་བཞིན་ཡོད་པའི་སྐད་ཆ་གོ་རྒྱུ་འདུག སྔ་མོ་ཕལ་ཆེར་རྒྱ་རིགས་ལས་བྱེད་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་མང་པོ་ཡོད་པ་དང་། བོད་རིགས་ནང་ཕྲན་བུ་ཉུང་བ་ཡོད་སྐོར་ཤོད་ཀྱི་འདུག བར་སྐབས་ནས་བོད་རིགས་ནང་ལ་ལྐོག་ཟ་བྱེད་མཁན་ཡོད་སྐོར་གོ་རྒྱུ་འདུག དེ་དག་བོད་པའི་ཤ་ཁྲག་རུས་གསུམ་ཡོད་པའི་ཞེན་ཁོག་ཐོག་ནས་ཆོས་དང་ཚེ་ཕྱི་མའི་སྐད་ཆ་མ་རེད། སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱ་གོང་ནས་གོང་དུ་འགྲོ་རྒྱུར་ཆོས་ཡོད་མེད་ལ་མ་ལྟོས་པར་ཚང་མས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གཞིས་ལུས་རྒྱ་ཆེའི་མི་མང་ཡིན་རུང་སོ་སོ་སྒེར་ངོས་ནས་ཆོས་ལ་དད་པ་ཡོད་མེད་སྣ་ཚོགས་ཡོང་གི་རེད། ཆོས་ལ་དད་པ་མེད་ནའང་འགྲིག་གི་འདུག  ཕྱི་ལོ་ ༡༩༥༠ ནང་ངོས་ཀྱི་ངོ་ཤེས་བོད་མི་གུང་ཁྲན་ཏང་ཡོན་ལྷག་བསམ་རྣམ་དག་ཡིན་མཁན་གང་ཙམ་ཡོད། མི་རིགས་ཀྱི་ཞེན་ཁོག་དང་ལྟ་བའི་ཐོག་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། དེང་སང་ཡིན་ནའང་འདི་ལྟ་བུ་ཡོང་གི་ཡོད་ལ་ཡོང་དགོས་རྒྱུ་ཞིག་ཀྱང་རེད། དེར་བརྟེན་སོ་སོའི་སྒེར་ཆོས་ལ་དད་པ་ཡོད་རུང་མེད་རུང་། གང་ལྟར་བོད་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ལ་ང་ཚོ་ཚང་མས་དོ་སྣང་བྱས་པ་ཙམ་མ་ཟད། སོ་སོའི་ངོས་ནས་འདི་ལྟ་བུའི་གོམས་གཤིས་བཟང་པོ་ཡོད་པ་དེ་ལག་ལེན་སྐྱེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་གཅིག་བཤད་འདོད་བྱུང་། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་དེ་དེབཞིན་བྱེད་དགོས། སོ་སོའི་སྒེར་ཆོས་ལ་དད་པ་ཡོད་རུང་མེད་རུང་བོད་མི་རིགས་སྔར་དུས་རབས་བདུན་པ་དང་བརྒྱད་པ། དགུ་པའི་སྐབས་སྟོབས་ལྡན་གྱི་རྒྱལ་ཁབ་གཅིག་ཆགས་ཡོད། དེ་ནི་གཙོ་བོ་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་ནས་ཕལ་ཆེར་ཟིན་པ་ལྟ་བུ་འདུག བོད་སིལ་བུར་ཐོར་ནས་ཆབ་སྲིད་ཀྱི་ཐོག་གནས་སྟངས་སྐྱོ་བོའི་ཐོག་བསྡད་ཡོད། ཁ་སྔོན་རོབ་ཙམ་ཞུ་རྒྱུ་དེ་རེད། ང་ཚོས་མངའ་རིས་ཆོས་རྒྱལ་ཞེས་ཁ་ཐུག་ཁོ་ན་ཤོད་སྐབས་རླབས་ཆེ་མདོག་གསུངས་ཀྱི་ཡོད། བོད་ཆོལ་ཁ་གསུམ་སྤྱི་ཡོངས་ཀྱི་ཐོག་ནས་བལྟས་ན་ཆུང་ཆུང་རེད་འདུག ཆོས་རྒྱལ་ཚོའི་སྐབས་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ཆགས་ཡོད། བོད་སིལ་བུར་ཐོར་སྐབས་ཧ་ཅང་སྐྱོ་བོ་ཆགས་ཡོད། འོན་ཀྱང་བོད་གངས་ཅན་པ་ཞེས་རྡོག་ལ་བསྒྲིལ་པ་དང་རུག་རུག་བྱ་རྒྱུ་དེ་བོད་ཀྱི་སྐད་ཡིག་དང་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱིས་བཟོས་པ་རེད་མ་གཏོགས་ཆབ་སྲིད་ཀྱི་བཟོས་པ་མ་རེད། དུས་ད་ལྟ་ཆ་བཞག་ན་བོད་མི་རིགས་ཧ་ལས་པའི་སེམས་ཤུགས་སླེབ་རྒྱུ་དེ་བོད་ཀྱི་སངས་པའི་ཆོས་དང་བོད་ཀྱི་སྐད་ཡིག་ཐོག་ནས་ཡོང་གི་ཡོད། དེར་བརྟེན་སོ་སོ་སྒེར་ཆོས་ལ་དད་པ་མེད་ནའང་། སོ་སོའི་མི་རིགས་ཀྱི་རྣམ་པ་གཙོ་ཆེ་བ་དེ་གང་ལྟར་བོད་ཀྱི་སངས་རྒྱས་པའི་ཆོས་དང་ལྟ་གྲུབ་ཆགས་ཡོད། བོད་མི་གཅིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱས་ནས་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  དེ་རིང་འདིར་བོད་ཀྱི་ཆོས་གྲོགས་མང་པོ་ཞིག་ཡུལ་ལུང་འདྲ་མིན་ནས་ཕེབས་ཡོད། ཁྱེད་རང་ཚོ་དེ་དག་ཕྱོགས་གཅིག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཡིད་འཕྲོག་ནས་དོ་སྣང་བསླེབས་པ་ཞིག་རེད། དེང་སང་ཁྱེད་རང་ཚོའི་དོ་སྣང་དང་ཡིད་འཕྲོག་སའི་ཆོས་ལུགས་འདི་འཛམ་གླིང་འདིའི་སྟེང་གནས་དང་མ་གནས་ཀྱི་མཚམས་ལ་བསླེབས་ཡོད། མ་གཞི་དེང་སྐབས་འགྱུར་བ་ཧ་ཅང་འགྲོ་བཞིན་འདུག གཙོ་ཆེ་ཤོས་རྒྱ་ནག་ནང་དུ་ནང་པ་མང་པོ་ཞིག་ཡོད། ཁོང་ཚོས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཤེས་ནས་དོ་སྣང་དང་རྒྱུ་མཚན་མཐོང་སྟེ་དོ་སྣང་བསླེབ་རྒྱུ་ཞིག་ཆགས་ཡོད། དེར་བརྟེན་གཅིག་བྱས་ན་ཧ་ཅང་ཉེན་ཁ་ཆེ་བའི་གནས་སྟངས་ལས་ཕལ་ཆེར་གྲོལ་འགྲོ་གི་ཡོད་པ་ལྟ་བུ་རེད། བར་སྐབས་ཤིག་བོད་ཀྱི་གནས་ཚུལ་དེ་འཆི་གསོན་གྱི་མཚམས་ལ་བསླེབས་པ་ལྟ་བུ་བྱུང་བ་རེད། ཁྱེད་རང་ཚོ་དེ་དག་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་པ་ཡིན་སྟབས། དོ་སྣང་བྱེད་སའི་བོད་ཀྱི་ཆོས་དང་རིག་གཞུང་གནས་དང་མ་གནས་ཀྱི་རྩ་བ་དེ་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆོས་དད་རང་དབང་དང་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་རང་དབང་དགོས་རྒྱུ་གལ་ཆེན་པོ་རེད། ང་ཚོས་དབུ་མའི་ལམ་ཞེས་པ་འདི་ཆབ་སྲིད་ཀྱི་ཨུ་ཚུགས་རྒྱག་གི་མེད། ངོས་རང་སྒེར་གྱི་ཆ་ནས་བཤད་ན། དེ་དག་ཉམས་མྱོང་ཆ་ཚང་བསགས་ནས་ཐབས་ཤེས་མ་བྱས་པའི་བསམས་པ་མེད། ཕྱི་ལོ་ ༡༩༥༠།༥༡ ནས་བཟུང་། དེ་བཞིན་པན་ཌི་ནེ་རུས་(PanditNehru)མཚོན་པས་དངོས་གནས་དྲང་གནས་ཀྱི་འཛམ་གླིང་གི་ཉམས་མྱོང་ཡོད་པ་དང་། འཛམ་གླིང་སྤྱིའི་གནས་ཚུལ་མཁྱེན་མཁན་ཚོའི་འགྲམ་ནས་བཀའ་སློབ་ཞུས་ཏེ། མཐའ་མའི་འདུས་ད་ལྟ་དབུ་མའི་ལམ་ཞེས་པ་གཏན་འབེབས་བྱས་པ་རེད།  ཕྱོགས་གཅིག་ནས་འཛམ་གླིང་འདིའི་སྒང་མི་ཐུག་ནས་སྐད་ཆ་བཤད་དེ་དྲི་བ་དྲིས་ལན་བྱེད་སྐབས། དུས་རབས་ཉེར་གཅིག་པ་འདི་འཚེ་བ་མེད་པའི་ཞི་བདེའི་དུས་རབས་ཤིག་ཚང་མས་འདོད་ཀྱི་ཡོད། དེ་ལྟ་བུ་བཟོ་དགོས་བྱུང་ན། ཞི་བདེ་དང་འཚེ་བ་མེད་པའི་དུས་རབས་དེ་རྙོག་གྲ་རྩ་ནས་མེད་པའི་དུས་རབས་ཤིག་ཡོང་ཐབས་མེད། རྙོག་གྲ་རུ་འཛིན་པ་ཞིག་ཡོད་མུས་ཀྱིས་དེར་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་ཀྱི་ ཡོད། དེར་བརྟེན་དེ་སྔ་ཕན་ཆད་རྙོག་གྲ་འཕྲད་ཚེ་ལམ་སེང་དཔུང་ངོམ་སྟེ་དྲག་ཤུགས་ཐོག་ནས་ཐག་གཅོད་བྱེད་རྒྱུའི་གོམས་གཤིས་ཤིག་ཡོད། མིའི་ལོ་རྒྱུས་ནང་ལོ་སྟོང་ཕྲག་མང་པོ་འདི་ལྟར་ཕྱིན་པ་རེད། སོ་སོའི་དགྲ་བོར་འགལ་ཟླ་ཞིག་བསླེབས་ན་དཔུང་ཤུགས་ཐོག་ནས་མེད་པ་བཟོ་རྒྱུའི་གོམས་གཤིས་ཆགས་ཡོད། དེ་ལྟ་བུ་བྱས་པའི་ལག་རྗེས་ལ་འཛམ་གླིང་འདིའི་སྟེང་ཉམ་ཐག་མགོན་མེད་སྐྱབས་མེད་བྱིས་པ་དང་བུད་མེད། རྒས་གཅོང་སོགས་ཧ་ལས་པའི་སྡུག་བསྔལ་འོག་ཚུད་ཡོད། འཚེ་བའི་ཐོག་ནས་ཐབས་ཤེས་བྱས་ན་ཕར་ཕྱོགས་ཀྱིས་དེ་ལྟར་བྱེད་སྟབས་འཚེ་བ་ལུ་གུ་རྒྱུད་ནས་ཡོང་གི་འདུག འཛམ་གླིང་འདིའི་ཐོག་དེང་སྐབས་མི་མང་དག་ཅིག་འཚེ་བར་ཡིད་ཐང་ཆད་པའི་རྣམ་པ་ཤུགས་ཆེན་པོ་འདུག རྙོག་གྲ་མུ་མཐུད་ནས་ཡོད་མུས་རེད། འཚེ་བའི་ཐབས་ལམ་ལ་བརྟེན་ནས་ཕན་ཐོགས་མེད་སྟབས་གྲོས་མོལ་དང་། མི་ཕན་ཚུན་བར་ཐུག་སྟེ་སྐད་ཆ་བཤད་ནས་དཀའ་ངལ་སེལ་རྒྱུ་མ་གཏོགས་ཐབས་ལམ་གཞན་མི་འདུག  དུས་རབས་ཉི་ཤུ་དེ་འཚེ་བའི་ཐོག་ཕྱིན་ཡོད། དུས་རབས་ཉེར་གཅིག་འདི་གྲོས་མོལ་གྱི་དུས་རབས་ཤིག་བཟོ་དགོས་རེད། ཅེས་ངོས་ཀྱིས་ཤོད་བཞིན་ཡོད། མིར་དེ་ལྟར་ཤོད་མུར་ང་ཚོ་བོད་པའི་དོན་དག་གདོང་ཐུག་ཐོག་ཕྱིན་ན། དོན་སྤྱོད་པ་དང་དོན་མཐུན་པ་ཞིག་ཡོང་གི་མེད། དེར་བརྟེན་ང་ཚོ་བོད་པའི་དོན་དག་ཀྱང་རྒྱ་གུང་ཁྲན་ཏང་དང་གདོང་ཐུག་མ་ཡིན་པར་ཕར་ཕྱོགས་དེ་མི་རེད་ལ་ཚུར་ཕྱོགས་འདི་ཡང་མི་རེད། ཕན་ཚུན་གཉིས་ཀར་རླུངས་མ་ལངས་པར་ལྷོད་ལྷོད་ཐོག་སྐད་ཆ་བཤད་ན་བཤད་ས་ཡོད། གདོང་ཐུག་ཏུ་འགྲོ་རྒྱུའི་རང་བཙན་ཁ་བྲལ་མི་དགོས་པ་དང་། གདོང་དང་གདོང་བསྟན་ནས་རང་རྒྱལ་གཞན་ཕམ་མ་ཡིན་པར་གཉིས་ཕན་གྱི་ཐབས་ལམ་བརྒྱུད་ནས་ང་ཚོའི་དཀའ་ངལ་སེལ་ཐུབ་ཀྱི་རེད་བསམས་པའི་ཡིད་ཆེས་ཡོད་ལ་ཡོང་གི་ཡོད་པའི་མཚན་མ་གང་ཙམ་ཡོང་གི་འདུག དེར་བརྟེན་དབུ་མའི་ལམ་ཤོད་རྒྱུ་དེ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་གནས་སྟངས་དེ་ལྟར་རེད། དེང་སྐབས་རང་བཙན་བརྗོད་ན་སེམས་ཤུགས་ཡོད་པ་དང་། རང་བཙན་མ་བཤད་ན་སེམས་ཤུགས་མེད་པ་ལྟ་བུ་ཤོད་ཀྱི་འདུག དེ་ལྟར་མ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་དགོས། ང་ཚོས་དབུ་མའི་ལམ་བརྗོད་བཞིན་པ་དེ་ཁྱེད་རང་ཚོ་ བོད་ནང་ལ་འབྲེལ་བ་མང་པོ་ཞིག་ཡོང་གི་ཡོད། ཁ་ཤས་འཕྲིན་ངག་གཉིས་ཐོག་ནས་འབྲེལ་བ་ཡོང་གི་ཡོད།  མང་པོ་ཞིག་རྒྱ་གར་དང་ཕྱི་རྒྱལ་ལ་ཐུག་གི་ཡོད། ཁོང་ཚོ་ཚང་མས་དབུ་མའི་ལམ་ནི་གཉིས་ ཕན་གྱི་སྐད་ཆ་ཤོད་རྒྱུ་དེ་ད་ལྟའི་དངོས་ཡོད་གནས་ཚུལ་དང་འཚམ་པ་སྒྲུབ་ཐུབ་རྒྱུ་ཡོད་འདུག  དེ་ཡག་ཤོས་རེད་འདུག་ཅེས་ཞིང་འབྲོག་མི་རེ་ངོ་རེར་སྐད་ཆ་དྲིས་ཡོད། བོད་རྒྱ་ཆེའི་མི་མང་ཡོངས་ རྫོགས་ཀྱིས་མོས་མཐུན་ཡོད། ཅེས་བརྗོད་ཀྱི་མེད། ཕྲན་བུ་ལྷག་བསམ་དང་ཤེས་ཡོན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་གནས་ཚུལ་ཐོག་དོ་སྣང་བྱས་ཏེ་སེམས་ཁུར་ཡོད་མཁན་བརྒྱ་ཆ་དགུ་བཅུ་གོ་དགུས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་འདུག ཡང་རིགས་ཁ་ཤས་ཀྱིས་བོད་རྒྱ་ཆེའི་མི་མང་གིས་རང་བཙན་འདོད་ཀྱི་ཡོད། འདི་གར་ང་ཚོ་ཉུང་ཤས་ཤིག་གིས་རང་སྐྱོང་དབུ་མའི་ལམ་ཤོད་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག  ཕལ་ཆེར་འདི་བདེན་པ་མ་རེད། ལྷག་པར་ཁྱེད་རང་ཚོས་བོད་དོན་ཐོག་སེམས་ཤུགས་དང་དོ་སྣང་བྱེད་ཀྱི་ཡོད། ད་དུང་ཁྱེད་རང་ཚོས་ཞིབ་འཇུག་ཡག་པོ་བྱེད་དགོས། བོད་ཀྱི་བདེན་པའི་གནས་ཚུལ་འདི་སོ་སོའི་ཡུལ་ནང་གསལ་བཤད་བྱེད་དགོས། ནམ་རྒྱུན་ནས་ངོས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་བོད་ཀྱི་ཕྱོགས་སུ་གཏོགས་པ་མ་རེད། བློ་གཟུ་བོར་གནས་པའི་ཐོག་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་རེད། ཅེས་ཤོད་ཀྱི་ཡོད། ཚང་མས་དེ་དགོངས་འཇགས་གནང་རོགས། ཐུགས་རྗེ་ཆེ་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།

 

keyboard_arrow_up