ད་ནངས་ཞོགས་པ་ནས་མགོ་བཙུགས་ཏེ་ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་ཕྱི་སོག་ཆོས་ཞུ་བ་གཙོས་དད་ལྡན་མང་ཚོགས་རྣམས་ལ་གསུང་ཆོས་བསྩོལ་བཞིན་ཡོད།

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་དབུ་འཛུགས་ཀྱིས།ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་ཕྱི་སོག་ཆོས་ཞུ་བ་ ༧༠༠ ལྷག་གཙོས་པའི་རྒྱལ་ཁབ་ཁག་ ༥༢ ཀྱི་དད་ལྡན་མི་མང་ ༤༠༨༢ ཙམ་ལ། དེ་རིང་ཉིན་དང་པོར་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་མཛད་པའི་ལམ་རིམ་གསེར་གྱི་ཡང་ཞུན་མ་བཀའ་ཁྲིད་དང་། སང་ཉིན་གསང་བདག་ཕྱག་ན་རྡོ་རྗེའི་བཀའ་དབང་གནང་རྒྱུ་ཡིན་འདུག

གསུང་ཆོས་དབུ་འཛུགས་སྐབས་༸གོང་ས་མཆོག་གིས། ལོ་བརྒྱ་ཕྲག་མང་པོའི་རིང་ནས་ཡོད་པའི་བོད་སོག་འབྲེལ་བ་དེ་དུས་ད་ལྟའང་གསོན་པོར་གནས་ཡོད་པ་ཞིག་ཡིན་ལ། གནས་སྟངས་དེ་འདྲའི་འོག་ཐེངས་འདིར་ཁྱེད་ཚོས་སོག་པའི་སྐད་ཡིག་ནང་དྲ་རྒྱ་འདི་འདྲ་ཞིག་བཟོ་སྐྲུན་བྱས་པར་དགའ་བོ་བྱུང་། དེང་སང་འཕྲུལ་ཆས་ཡར་རྒྱས་འགྲོ་བསྡད་པ་མང་པོ་ཞིག་མནར་གཅོད་དང་ཆག་སྒོ་སྤེལ་པའི་ཐོག་འགྲོ་བཞིན་ཡོད་ཀྱང་།  དེ་རིང་གི་དུས་རབས་གསར་པའི་འཕྲུལ་ལས་དྲ་རྒྱ་འདི།  འཚེ་བ་མེད་པའི་ལྟ་བ་དང་སྤྱོད་པ་གོང་འཕེལ་དང་། བོད་ཀྱི་སྐོར་ལ་དོན་སྣང་གསར་པ་བསླེབ་ཡོང་པའི་ཆ་རྐྱེན་ཞིག་ཏུ་བེད་སྤྱོད་གཏོང་ཐུབ་པ་ནི་བྱ་བ་བཟང་པོ་ཞིག་ཡིན་ལ།  སྤྱིར་བོད་སོག་གི་འབྲེལ་བ་དམིགས་བསལ་ཡིན་པ་དང་། ཡང་སྒོས་ཁོང་སྒེར་ངོས་ནས་ཀྱང་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པའི་སྐོར་གསུངས་ཏེ་སོག་པོ་དད་ལྡན་ཆོས་ཞུ་བ་ཡོངས་ལ་འཚམས་འདྲི་གནང་ཡོད།

༸གོང་མཆོག་གིས། དུས་རབས་ཉེར་གཅིག་པ་ནི་གནས་ཚུལ་གང་ཡིན་ཡང་བརྟག་དཔྱད་བྱེད་པའི་དུས་རབས་ཤིག་ཆགས་ཡོད་ལ།  སྐབས་འདི་འདྲ་ཞིག་ལ་ནང་ཆོས་ནི་འཛམ་གླིང་ནང་གི་ཆོས་ལུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། དེར་གང་ས་གང་ནས་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་མ་ཟད། ཚན་རིག་པའི་ཁྲོད་དུའང་དོ་སྣང་ཆེན་པོ་ཡོང་གི་ཡོད་ལ། འཛམ་གླིང་ནང་ཨེ་ཤ་ཡའི་ཡུལ་གྲུ་མང་པོ་ཞིག་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཆགས་ཡོད་པ་ལྟར།ཆེན་པོ་ཧོར་ནི་ནང་པ་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཉམས་ལེན་བྱེད་མཁན་ཞིག་དང་། ནང་པ་སངས་རྒྱས་པའི་ཆོས་ནི་སོག་པོ་མི་རིགས་ཀྱི་མཚོན་རྟགས་ལྟ་བུ་ཆགས་ཡོད་པའི་སྐོར་གསུངས་སོང་ལ། དེ་བཞིན།  ཐོག་མའི་ནང་ཆོས་ངོ་སྤྲོད་སྐབས། འཛམ་གླིང་གི་ཆོས་ལུགས་ཚང་མའི་ནང་བྱམས་དང་བརྩེ་བ་བཤད་ཀྱི་ཡོད་པ་གཅིག་མཚུངས་ཡིན་ལ། ཆོས་ལུགས་ཚང་མས་སྐྱེ་འགྲོ་ཀུན་གྱི་རང་གཤིས་སུ་ཡོད་པའི་བྱམས་དང་བརྩེ་བ་གོང་འཕེལ་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ལས། བྱམས་དང་བརྩེ་བ་ནི་ཆོས་ལུགས་ལས་བྱུང་བ་ཞིག་མིན་པ་སོགས་བཀའ་སློབ་བསྩལ་སོང་།

ཉིན་དང་པོའི་གསུང་ཆོས་དབུ་འཛུགས་ཀྱི་ཐོག་མར། ཕྱི་སོག་ཆོས་ཞུ་བ་ཚོས་སོག་ཡིག་ནང་ཏཱ་ལའི་བླ་མའི་དྲ་རྒྱ་ཞིག་བཟོ་སྐྲུན་གནང་ཡོད་པ་དེ་༸གོང་ས་མཆོག་གིས་དབུ་འབྱེད་གནང་རྗེས།  རཱ་ཤཱི་ཡའི་མངའ་ཁོངས་སུ་ཡོད་པའི་ཕྱི་སོག་ཁཱལ་མུཀ་ཡུལ་གྱི་སྐྱབས་མགོན་ཏེ་ལོ་རིན་པོ་ཆེ་མཆོག་གིས་དྲ་རྒྱ་ངོ་སྤྲོད་གནང་དོན།  དྲ་རྒྱ་དེ་ནི་༸གོང་ས་མཆོག་གི་མཛད་རྣམ་དང་དགོངས་བཞེད། གསུང་འཕྲིན་ཁག སྒྲ་བརྙན་ཁག དེ་བཞིན་སྤྱི་ཚོགས་དང་ཤེས་ཡོན། རིག་གཞུང་སོགས་ཆ་ཚང་ཞིབ་ཕྲ་སོག་ཡིག་ནང་ཡོད་པ་ཞིག་དང་། གཙོ་བོ་སོག་ཡུལ་གྱི་ནང་པའི་དད་ལྡན་མང་ཚོགས་ཚོའི་དགོས་མཁོ་སྐོང་ཆེད་དང་། ༸གོང་ས་མཆོག་གི་དགོངས་བཞེད་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དར་སྤེལ་བཅས་ལ་དམིགས་པ་ཞིག་ཡིན་ཞིང་། ཐེངས་འདིའི་གསུང་ཆོས་ལ་དངོས་སུ་ཡོང་མ་ཐུབ་པའི་སོག་པོའི་དད་ལྡན་མང་ཚོགས་ཚོའི་ཆེད། དྲ་རྒྱ་འདི་བརྒྱུད་ནས་གསུང་ཆོས་བཀའ་ཁྲིད་ཐད་གཏོང་བྱེད་ཀྱི་ཡོད་པ་མ་ཟད། དྲ་རྒྱའི་ཐད་གཏོང་འབྲེལ་ཐག་བརྙན་འཕྲིན་བརྒྱུད་མང་ཚོགས་ཚོས་གསུང་ཆོས་བཀའ་ཁྲིད་ལ་ཐད་ཀར་གསན་གཟིགས་གནང་ཐུབ་ཀྱི་ཡོད་འདུག

གཞན་ཡང་།  ཏེ་ལོ་རིན་པོ་ཆེ་མཆོག་གིས་སྔ་མོའི་བོད་སོག་གི་འབྲེལ་བ་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྐོར་དང་།གཅིག་དགུ་ཉུ་ཤུ་རྩ་གྲངས་ནས་སོག་ཡུལ་ནས་བོད་དུ་སློབ་གཉེར་ལ་འགྲོ་བའི་རྒྱུན་ཆད་ཡོད་ལ།  ༡༩༥༩ ལོར་༸གོང་ས་མཆོག་གཙོས་བོད་མི་ཚོ་བཙན་བྱོལ་དུ་ཡོང་སྐབས།  སོག་རིགས་མང་པོ་ཞིག་ཀྱང་ལྷན་དུ་ཡོང་ཡོད་པ་དང་།  རྗེས་སུ་ཨུ་རུ་སུ་དམར་ཤོག་འཐོར་བཤིག་ཏུ་ཕྱིན་ཏེ་དམངས་གཙོ་ཆགས་པ་ནས།  བོད་སོག་གི་འབྲེལ་ལམ་བསྐྱར་གསོ་བྱུང་བ་དང་།  ༸གོང་ས་མཆོག་གིས་སོག་པོ་ཚོར་གཟིགས་རྟོག་ཆེན་པོ་གནང་བར་སོག་པོ་མི་མང་གི་ཚབ་བྱས་ཏེ་ཐུགས་རྗེས་བཀའ་དྲིན་ཞུས་སོང་།

ཐེངས་འདིའི་གསུང་ཆོས་ནི་ཆེན་པོ་ཧོར་ཡུལ་གྱི་སྐྱབས་མགོན་དུ་བཞེངས་པ་མཆོག་སྤྲུལ་བསྟན་འཛིན་འཇམ་དཔལ་མཆོག་གིས་དབུས་སོག་ཡུལ་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས། ༸གོང་ས་མཆོག་ལ་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབས་པ་ལྟར། ༸རྒྱལ་བ་བསོད་ནམས་རྒྱ་མཚོས་ཧོར་ཡུལ་གྱི་གདུལ་བྱ་རྣམས་གཙོར་བཟུང་སྟེ་བརྩམས་གནང་མཛད་པའི་ལམ་རིམ་གསེར་གྱི་ཡང་ཞུན་མ་དང་། སོག་ཡུལ་གྱི་སྲུང་མ་ཁྱད་པར་ཅན་གསང་བདག་ཕྱག་ན་རྡོ་རྗེའི་བཀའ་དབང་བསྩོལ་བཞིན་ཡོད་འདུག

keyboard_arrow_up