ངྷ་སྟེང་བོད་ཁྱིམ་སློབ་གྲྭར་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག   ༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཏེ་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་བཀའ་སློབ་བསྩལ་ཡོད།

ཁ་སང་གཟའ་པ་སངས་ཉིན་འགོ་བཙུགས་ཏེ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་འཚོགས་བཞིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་ཉིན་གཉིས་པ་སྟེ།  དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ ༸གོང་ས་མཆོག་ཚོགས་འདུའི་སྟེང་ཆིབས་སྒྱུར་གནང་ཐོག  བོད་མི་ཚོས་གནས་བབ་ཛ་དྲག་ཞིག་གི་ཁྲོད་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་སྟེ་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་།བོད་ཀྱི་གནས་བབ་ཧ་ཅང་ཛ་དྲག་འདི་ལྟ་བུ་ཞིག་གི་སྐབས་སུ།  བོད་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གྱི་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་སུ་གྱུར་པའི་ཚོགས་བཅར་བ་རྣམས། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ལ་མཉམ་ཞུགས་གནང་བར་དགའ་བོ་དང་ཐུགས་རྗེ་ཆེ་ཞེས་མཛའ་བརྩེ་འཚམས་འདྲི་དང་བཀའ་སློབ་བསྩལ་ཡོད།  

༸གོང་ས་མཆོག་གིས་བཀའ་སློབ་གསུང་བཤད་སྐབས།  རང་ཉིད་ད་ལྟའི་ཆར་ཆབ་སྲིད་སྐུ་དབང་ནས་བགྲེས་ཡོལ་དུ་ཕྱིན་ཡོད་པས། ད་ལྟ་བོད་པའི་མི་སེར་དཀྱུས་མ་ཞིག་དང་གྲྭ་རྐྱང་ཞིག་གི་ངོས་ནས་སྐད་ཆ་བཤད་ཀྱི་ཡོད་ལ། ཁོང་ཚོགས་ཆེན་སྟེང་ཆིབས་སྒྱུར་བསྐྱངས་པའི་རྒྱུ་མཚན་གཙོ་བོ་ནི། ཐེངས་འདིའི་ཚོགས་ཞུགས་པ་རྣམས་ལ་གུས་བརྩི་ཞུ་བར་ཕེབས་པ་ཞིག་དང་། ཁོང་གིས་དུས་རྒྱུན་དུ་བོད་དོན་རྒྱབ་སྐྱོར་བ་ཚོ་ནི་བོད་ལ་ཞེན་ཁོག་ཡོད་པ་ཙམ་མ་ཡིན་པར།དྲང་བདེན་དང་འཚེ་མེད་ཞི་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་རྐྱང་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པས། ཁོང་ཚོར་འཚམས་འདྲི་གུས་བརྩི་ཞུ་རྒྱུ་དེ་ཁོང་གི་འོས་འགན་ཡིན་པ་དང་། དེང་སང་འཛམ་གླིང་གང་སར་དཀའ་རྙོག་རིགས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། མཚམས་རེར་དཀའ་རྙོག་དེ་དག་གི་རྐྱེན་པས་དྲག་སྤྱོད་ཀྱི་བྱ་འགུལ་ཡང་འབྱུང་བཞིན་ཡོད་པ་མཐོང་ཐོས་སུ་ཡོད་ཀྱང་། བོད་པའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་བ་མེད་པའི་འཐབ་རྩོད་ཅིག་དང་། འཚེ་མེད་ཞི་བ་ནི་ནང་སེམས་ཀྱི་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་ཡིན་ལ། དྲག་སྤྱོད་ཀྱི་རིགས་ནི་ཁོང་ཁྲོ་དང་རང་ཉིད་ལ་གདེང་ཚོད་མེད་པའི་དབང་གིས་མཚོན་ཆ་བེད་སྤྱོད་བྱེད་པ་སོགས་འབྱུང་གི་ཡོད་པ་གསུངས་སོང་།

དེ་བཞིན། ༸གོང་ས་མཆོག་གིས་བོད་ནང་གི་བོད་མི་ཚོར་རང་ལུས་མེ་རུ་སྒྲོན་པའི་བློ་སྟོབས་ཡོད་པས་གཞན་ལ་གནོད་སྐྱེལ་རྒྱུ་དེ་ལས་སླ་པོ་ཞིག་ཡིན་ཡང་།ཁོང་ཚོས་གཞན་ལ་གནོད་འཚེ་མ་བཏང་པར་སོ་སོས་དཀའ་སྤྱད་འཐབ་རྩོད་བྱེད་ཀྱི་ཡོད་པ་དེ་ནི།  འཚེ་མེད་ཞི་བའི་འཐབ་རྩོད་ལག་བསྟར་བྱེད་ཀྱི་ཡོད་པ་ཞིག་ཡིན་ལ།  དེང་སྐབས་རྒྱ་རིགས་མང་ཚོགས་ཁྲོད་དུའང་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱབ་སྐྱོར་བྱེད་མཁན་སྔར་བས་མང་དུ་འགྲོ་བཞིན་ཡོད་སྐོར་གསལ་བཤད་དང་སྦྲགས།  བོད་ཀྱི་གནད་དོན་ངོས་འཛིན་བྱེད་ཕྱོགས་ཐད།  ༸གོང་ས་མཆོག་གིས། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཞིག་ཏུ་བཤད་ཀྱི་ཡོད་ཀྱང་། ཁོང་གི་ངོས་ནས་བོད་ཀྱི་གནད་དོན་ནི་དམིགས་བསལ་བ་ཞིག་ལ་གཟིགས་ཀྱི་ཡོད་པ་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཙམ་དང་བོད་གཅིག་པུའི་གནད་དོན་ཙམ་མིན་པར།  འཛམ་གླིང་ཡང་ཐོག་ཏུ་ཆགས་པའི་བོད་ཀྱི་ཁོར་ཡུག་དང་གཏེར་དངོས། གཙང་པོ་སོགས་རང་བྱུང་སྣོད་བཅུད་ཀྱི་གནས་བབ་ནི།  ཨེ་ཤ་ཡ་དང་འཛམ་གླིང་སྤྱི་ལ་འབྲེལ་བ་དམ་པོ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། དེ་བཞིན། བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་དང་ཧི་མ་ལ་ཡའི་རི་རྒྱུད་གཙོས་ནང་པའི་རྒྱལ་ཁབ་ཁག་དང་། འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། མིའི་རིགས་ཀྱི་བཟང་སྤྱོད་གོང་འཕེལ་གྱི་གནད་དོན་དང་འབྲེལ་ཡོད་ལ།  ཆབ་སྲིད་ཀྱི་གནས་བབ་ཐད་ནས་ཀྱང་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གི་འབྲེལ་ལམ་བརྟན་བརླིང་ཡིད་ཆེས་ལྡན་པ་ཞིག་ཡོང་རྒྱུར་བོད་ཀྱི་གནད་དོན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་གསུངས་སོང་། 

རྒྱ་ནག་མགོ་ཁྲིད་ཚོས་བོད་དོན་ཐག་གཅོད་བྱ་དགོས་པའི་སྐོར་ལ། ༸གོང་ས་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོས་ངོས་ལེན་མ་བྱས་པར་ལྷག་ཡོད་པའི་བོད་ཀྱི་དཀའ་ངལ་འདི་ནི། བོད་དང་རྒྱ་རིགས་མི་མང་སྤྱི་ལ་ཕན་ཐོགས་མེད་པ་ཞིག་ཡིན་པས།  དཀའ་ངལ་འདི་ངེས་པར་སེལ་དགོས་པ་ཞིག་ཡིན་ལ། དྲག་ཤུགས་ལ་བརྟེན་ནས་སེལ་ཐབས་བྱེད་པ་དེས་ནམ་ཡང་མིའི་རིགས་ཀྱི་འདོད་བློ་ཁེངས་པ་ཞིག་ཡོང་མི་སྲིད་པ་མ་ཟད། དཀའ་ངལ་དང་རྙོག་གྲ་ཆེ་རུ་གཏོང་སྲིད་པ་དང་། ད་ལྟའི་བོད་ནང་གི་མི་རབས་གསར་པའི་གཞོན་སྐྱེས་ཚོའི་སྙིང་སྟོབས་ནི། ཁོང་གི་དུས་སྐབས་ཀྱི་མི་རབས་རྒན་པ་ཚོ་ལས་ཤུགས་ཆེ་བ་མཐོང་ཐུབ་པ་མ་ཟད།  འདས་པའི་ལོ་ངོ་༦༠ རིང་བོད་མི་ཚོའི་སྙིང་སྟོབས་མུ་མཐུད་གསོན་པོར་གནས་ཐུབ་ཡོད་པས། རྒྱ་ནག་གི་མགོ་ཁྲིད་ཚོས་ངེས་པར་དུ་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཀྱིས་དཀའ་ངལ་རིགས་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་སེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མཐའ་མའི་གནད་དོན་ཐག་གཅོད་དེ་ཕྱོགས་གཉིས་ཀྱི་བསམ་ཤེས་དང་བརྩི་མཐོང་ལྡན་པའི་ཐོག་ནས་སེལ་དགོས་པ་ཞིག་ཡིན་སྟབས། བོད་རྒྱ་སྤུན་ཟླ་མི་རིགས་གཉིས་མཉམ་རུབ་ཐོག་ཤུགས་སྣོན་རྒྱག་དགོས་པའི་བཀའ་སློབ་གནང་ཡོད།

མཇུག་མཐར་༸གོང་ས་མཆོག་གིས་ཚོགས་ཞུགས་པ་རྣམས་ལ། ས་ཐག་རིང་པོ་ནས་ཐེངས་འདིའི་ཚོགས་ཆེན་ལ་ཕེབས་ཡོད་སྟབས། ཚོགས་ཆེན་ལ་མཉམ་ཞུགས་ཙམ་དང་ངྷ་རམ་ས་ལའི་ཡུལ་ལྗོངས་ལ་སྤྲོ་གསེང་ཙམ་མ་ཡིན་པར། ཚོགས་ཆེན་རྗེས་སུ་ཁ་ཡོད་ལག་ཡོད་ཐོག་ཚོགས་ཆེན་སྟེང་གྲོས་བསྡུར་གང་བྱུང་རིགས་ལག་བསྟར་ལ་འཁེལ་ཐུབ་པ་བྱ་རྒྱུ་དང་། སོ་སོའི་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་རྒྱ་སྐྱེད་སོགས་ལ་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་གནད་དོན་མཐོར་འདེགས་ཡོང་ཐབས་བྱ་དགོས་པ་གསུངས་སོང་།

༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་གྲུབ་རྗེས། རྒྱ་གར་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་གིས། ཉེ་ཆར་ཁོང་ཚོ་རྒྱ་གར་དང་བོད་ཀྱི་ས་མཚམས་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས། ས་མཚམས་ཕར་ཕྱོགས་ནས་ཁྱེར་ཡོང་བའི་བོད་ཡུལ་གྱི་ས་༸གོང་ས་མཆོག་ལ་ཕུལ་བ་དང་། དེ་མིན། ཤཱཀྱའི་རིགས་རྒྱུ་ཡིན་པའི་བལ་པོའི་ཡུལ་མི་གཉིས་ནས་ཀྱང་༸གོང་ས་མཆོག་ལ་སྟོན་པའི་སྐུ་བརྙན་དང་གནའ་བོའི་ཡིག་རྙིང་ཐོག་ཡོད་པའི་ནང་པའི་གླེགས་བབ་ཁག་ཅིག་འབུལ་ལམ་ཞུས་སོང་།

keyboard_arrow_up