འདོན་སྤེལ། ༢༠༡༣/༠༡/༢༩

ཕྱི་ཚེས་ ༡༤ ཉིན་རྒྱ་གཞུང་གིས་གདན་ས་སེ་འབྲས་དགའ་གསུམ་གྱི་མཁན་པོ་དང་དབུ་མཛད། དཔེ་ཁྲིད་དགེ་རྒན་སོགས་དགོན་པའི་གནད་ཡོད་དགེ་བཤེས་སྐོར་ཞིག་ཚོགས་འདུ་ཞིག་ལ་ཁ་གཡར་ནས་བཙན་འཁྲིད་བྱས་ཏེ། ད་བར་གར་སོང་ཅི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

 

སུད་སིར་གནས་སྡོད་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་གཞུང་གིས་ལྷ་ས་འབྲས་སྤུངས་དགོན་པའི་མཁན་པོ་འཇམ་དཔལ་ལྷག་བསམ་མཆོག་དང་དབུ་མཛད་ངག་དབང་ལགས། རྒན་ངག་དབང་དོན་ལྡན་ལགས། རྒན་ངག་དབང་དཔལ་བཟང་ལགས། རྒན་ངག་དབང་བསམ་གཏན་ལགས། སེ་ར་དགོན་པའི་དགེ་བསྐོས་མིག་དམར་ལགས་དང་། དབུ་མཛད་ལགས། རྒན་བསམ་གཏན། རྒན་ངག་དབང་བློ་གྲོས། རྒན་བཀྲ་ཤིས་རྒྱ་མཚན་ལགས་བཅས་དང་། དགའ་ལྡན་དགོན་པའི་རྒན་སྐལ་ལྡན་ལགས་དང་། རྒན་བློ་བཟང་དངོས་གྲུབ་ལགས།

 

དེ་བཞིན། ལྷ་སའི་གཙུག་ལག་ཁང་གི་རྒན་ལྷུན་འགྲུབ་ཡར་འཕེལ་ལགས་དང་། རྒན་ཚེ་བརྟན་རྡོ་རྗེ་ལགས། རྒན་ངག་དབང་བློ་འཕེལ་ལགས་བཅས་རྒྱ་གཞུང་གིས་གསལ་བཤད་གང་ཡང་མ་བྱས་པར་གློ་བུར་དུ་ཚོགས་འདུ་ཞིག་ཡོད་པར་ཁ་གཡར་ཏེ་བཙན་ཁྲིད་བྱས་ཡོད་འདུག

 

ཕྱིས་སུ་ཁོང་རྣམ་པ་ནི་ནག་ཆུ་ས་ཁུལ་གྱི་དགོན་སྡེ་དང་གྲོང་སྡེ་སོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་བཙན་གྱིས་ཁྲིད་ཡོད་པར་གོ་ཐོས་ཙམ་ལས་ད་བར་གནས་ཚུལ་ཇི་བྱུང་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

 

གནས་ཚུལ་དེར་གདན་ས་སེ་འབྲས་དགེ་གསུམ་གྱི་གྲྭ་མང་ཚོས་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ད་ཆ་ཚོགས་ཆོས་ར་སོགས་སྔར་རྒྱུན་བཞིན་འཚོགས་མ་ཐུབ་པ་དང་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དགེ་རྒན་མེད་པའི་རྐྱེན་གྱིས་ཉིན་རེར་སློབ་གཉེར་འཐུས་ཤོར་དུ་འགྲོ་བཞིན་ཡོད་འདུག

 

གྲྭ་མང་ཀྱི་ངོས་ནས་ ༢༠༠༨ ལོར་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་དང་གྲྭ་བ་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ་དང་། ད་ལོ་སླར་ཡང་མཁན་པོ་གཙོས་དགེ་རྒན་རྣམ་པ་བཙན་ཁྲིད་བྱས་དོན་ནི་རྒྱ་གཞུང་གིས་ཆེད་དུ་བོད་ཀྱི་ནང་ཆོས་རྩ་མེད་བཟོ་རྒྱུའི་ངན་ཇུས་ཞིག་ཡིན་སྐོར་གླེང་གི་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

keyboard_arrow_up