༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་དང་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་གནང་སྟེ་ལོ་གཉིས་ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་ཐོག་སྲིད་སྐྱོང་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ཀརྨ་པ་རིན་པོ་ཆེ་ མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་དང་མི་མང་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ་ཚང་མས་མཁྱེན་གསལ་རེད། དེ་རིང་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་བ་དང་། དེའི་ནང་ནས་དེའི་རིང་ལ་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད། ལྷག་པར་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་ངོ་རྒོལ་བྱེད་མཁན་དང་། དེ་པཞིན་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ཉི་ཤུས་གཙོས་ཁོང་རྣམ་པའི་ནང་མི་སྤུན་མཆེད། ད་ལྟ་བར་བོད་བསྟན་པ་ཆབ་སྲིད་དོན་དུ་རང་སྲོག་བློས་བཏང་གནང་མཁན་ཚང་མའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ མཆོད་འབུལ་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད། བོད་ནང་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་བཀའ་ཤག་ནས་ཞུ་རྒྱུར། གཙོ་བོ་ཆེ་ཤོས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་མ་ཟད། ཆབ་སྲིད་ཀྱི་དམ་བསྒྲགས། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། དཔལ་འབྱོར་དབྱེ་འབྱེད། ཆོས་དད་རང་དབང་མེད་པ་བཅས་ལ་བརྟེན་ནས་བོད་ནང་བོད་མི་ཚོས་རྩ་ཆེན་ཚེ་སྲོག་ཀྱང་བློས་བཏང་གནང་གི་ཡོད། བཀའ་ཤག་ཕྱོགས་ནས་ང་ཚོའི་ལངས་ཕྱོགས་གསལ་པོ་ཞུ་བཞིན་ཡོད།   ང་ཚོས་བོད་མི་ཞིག་ཡིན་པའི་ཆ་ནས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་གནང་། ཞེས་དུས་རྟག་ཏུ་འབོད་སྐུལ་ཞུ་མུས་ལྟར་དེ་རིང་བསྐྱར་དུ་འབོད་སྐུལ་ཞུ་རྒྱུ་ཡིན། ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་སྨོལ་ལམ་འཚོགས་རྒྱུ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ། བོད་མིའི་རང་དབང་བསྐྱར་གསོ་བྱེད་རྒྱུའི་རྩ་ ཆེ་ལས་འགན་ཞིག་ལ་ངོས་འཛིན་གྱིས་ མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། བོད་ནང་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་མཐུན་ལམ་བྱེད་དགོས་རྒྱུ་གལ་ཆེན་པོ་རྩིས་ཐོག་ནང་ཁུལ་རྒྱག་རེས་དང་མི་གསོད་ཁྲག་སྦྱོར་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་ལས་འགུལ་རིམ་པ་སྤེལ་བཞིན་པ་རེད། དེ་དག་ལ་བསྔགས་བརྗོད་དང་ སྦྲགས་མུ་མཐུད་ནས་བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་རེད།  དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་བོད་དོན་ལ་རྒྱབ་སྐྱོར་ཐོབ་པ་གཙོ་ཆེ་ཤོས་༸གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རྗེས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང་། དེའི་ནང་ནས་བོད་མིར་ཡ་རབས་དང་བཟང་སྤྱོད་ལྡན་ཡོད་པ་འཛམ་གླིང་སྤྱི་ཡོངས་ནས་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དུས་རྟག་ཏུ་བོད་མིའི་བཟང་སྤྱོད་དང་ཡ་རབས་གནང་རྒྱུ་ཐུགས་ལ་བཞག་སྟེ་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་ཆང་རག་དང་མཱ་ཅང་སོགས་ཚབས་ཆེ་རིགས་མ་བརྩེ་རོགས་ཞུ་རྒྱུ་ཡིན། དེ་ནས་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་བའི་ནང་བྱས་རྗེས་ཆེན་པོ་བཞག་པ་བྱུང་མེད་ཀྱང་། གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེས་བཀའ་དྲིན་དང་མ་ཚོགས་ཀྱི་ཕྱར་གྲུ་མཉམ་འདེགས་གནང་བའི་ཐོག་ནས་ལོ་གཉིས་འདིའི་ནང་ལྷིང་འཇགས་པོ་དང་།  བཀའ་ཤག་གིས་འཆར་གཞི་ལྟར་ནུས་ཤུགས་གཅིག་སྒྲིལ་དང་ལས་འགུལ་སྤེལ་ཏེ་འབྲེལ་མོལ་ལ་འབད་བརྩོན་བྱེད་དགོས་འདུག་གསུངས་པ་ལྟར། ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱ་གར་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན། བོད་ནང་གི་ཛ་དྲག་ཆེད་དམིགས་བསལ་ཚོགས་ཆེན་བཅས་རྡ་སར་ཚོགས་ཏེ་༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་མཛད་རྗེས་བོད་མི་སྤྱི་ཡོངས་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། ༸གོང་ས་ མཆོག་གི་འཆར་སྣང་གཞིར་བཟུང་མི་མང་ནས་ཆབ་སྲིད་ཀྱི་འགན་འཁྱེར་དགོས་ཀྱི་ཡོད་ཀྱང་། འཁྱེར་ཐུབ་མིན་ཐད་སེམས་ཁྲལ་བྱུང་ཡོད། བོད་ནང་གི་བོད་མི་ཚོར་ཡང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གང་འདྲ་ཞིག་བྱས་ཡོང་ངམབསམས་པའི་སེམས་འཚབ་བྱུང་ཡོད།     རྒྱ་ནག་གཞུང་གིས་ལམ་ལྷོང་མ་བྱུང་ན་བསམ་པའི་རེ་བ་དང་འབད་བརྩོན་ཏན་ཏན་བྱས་ཡོད། རྒྱལ་སྤྱིར་བཙན་བྱོལ་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་སུ་འགྲོ་གི་ཡོད། ཅེས་དུས་རྟག་ཏུ་གསལ་བསྒྲགས་བྱས་པ་ལྟར་ཚོད་ལྟ་བྱེད་སྐབས་དངོས་ཡོད་གནས་སྟངས་ཡིན་མིན་དོ་སྣང་ཆེན་པོའི་ཐོག་ནས་གཟིགས་ཐུབ། དེ་བཞིན་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན། འོན་ཀྱང་མི་མང་རང་གི་ཆབ་སྲིད་འགན་འཁྱེར་ཐུབ་མིན་ལ་དོ་སྣང་ཆེན་པོ་གནང་ཡོད། ལོ་གཉིས་རིང་ལྷིང་འཇགས་ཡིན་དུས་བཀའ་བློན་རྣམ་པ་དང་སྲིད་སྐྱོང་། གཞིས་ཆགས་ཁག་དང་རྒྱལ་སྤྱིའི་ནང་བོད་པ་ཡོད་ས་གང་དུ་བཅར་ཡང་བོད་མི་ཕྱར་གྲུ་མཉམ་འདེགས་དང་རྡོག་རྩ་གཅིག་སྒྲིལ་ཡིན་པ།    དེ་བཞིན་རྡོག་རྩ་གཅིག་སྒྲིལ་གྱི་འགན་ཆ་ཚང་འཁུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་འདིས་དགའ་སྤོབས་བྱེད་དགོས་པ་དང་གཟི་བརྗིད་ཆགས་འདུག རྒྱ་གཞུང་ནས་ལྟ་བའི་སྐབས་ལ་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱིས་འགན་འཁྱེར་ཏེ་རྩ་དོན་དེ་མུ་མཐུད་ནས་རྩོད་ས་རེད། དེ་བཞིན་བོད་ནང་གི་བོད་མི་ཚོ་ཡིན་ཡང་ང་ཚོར་རེ་བ་བྱས་པ་བཞིན་ཏན་ཏན་འགན་འཁྱེར་ནས་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འགན་འཁྱེར་གྱི་འདུག སྙིང་སྟོབས་དང་སེམས་ཤུགས་ཡོད་པ་རྣམས་སེམས་ཤུགས་སྔར་ལྷག་འཕར་གཞི་ཆགས་ཡོད།    རྒྱལ་སྤྱིའི་ནང་དུའང་མང་གཙོའི་ལམ་ལུགས་ཐོག་ནས་འགྱུར་བ་ཆེན་པོ་ཕྱིན་པ་དེ་མི་མང་གིས་བདམས་པའི་འགོ་ཁྲིད་ཚོར་མི་མང་གིས་ཆེ་མཐོང་དང་བརྩི་བཀུར། དེ་བཞིན་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་ཐོན་ཡོད། དེ་དག་ཚང་མ་གཙོ་བོ་ ཆེ་བ་༸གོང་ས་མཆོག་དང་སྲི་ཞུ་བ། མི་མང་སྤྱི་ཡོངས་ཐོག་ནས་ཕྱར་གྲུ་མཉམ་འདེགས་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དེར་རྒྱ་ནག་གཞུང་ཕྱོགས་ནས་ལྟ་སྐབས།རྒྱ་གར་གྱི་རྒྱབ་སྐྱོར་ཚོགས་པའང་རྡ་སར་ཕེབས་ཏེ་སྔར་བཞིན་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་བཞག་སྟེ་གྲོས་བསྡུར་གནང་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆེན་ཚོགས་སྐབས་རྒྱལ་སྤྱིའི་སྤྱི་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ཡང་རྡ་སར་ཕེབས་ཏེ།  བོད་མིའི་སྒྲིག་འཛུགས་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཧ་ཅང་བསྟན་ཐུབ་ཡོད། རྡ་སར་ཆབ་སྲིད་ཐོག་འགྱུར་བ་ཆེན་པོ་ཕྱིན་ཡོད། འོན་ཀྱང་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་གཞིར་བཟུང་ཤར་བསྐྱོད་ཞུ་རྒྱུ་ཡིན་ཞེས་བརྡ་ལན་རྒྱ་ནག་དང་བོད། རྒྱལ་སྤྱི། རྒྱ་གར་བཅས་ལ་གསལ་པོ་གཏོང་ཐུབ་རྒྱུ་དེར་བསྔགས་བརྗོད་དང་འབྲེལ་གཟི་བརྗིད་ལྡན་པ་ཞིག་ཆགས་འདུག་ཅེས་བརྗོད་རྒྱུ་ཡིན། འཆར་གཞི་གཉིས་པ་ལས་འགུལ་ སྤེལ་རྒྱུ་དེ་རེད།  དེ་ཡང་ལས་འགུལ་སྤེལ་རྒྱུ་གཅིག་ཐང་སྟེང་དུ་ཐོན་ལས་འགུལ་སྤེལ་རྒྱུ་དེ་ཚང་མས་མཁྱེན་གསལ་རེད། བཀའ་སྤྱི་གཉིས་ཀྱིས་གོ་འཁྲིད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་བཞིའི་རིང་ལས་འགུལ་སྤེལ་ཡོད།  དེ་བཞིན་ནིའུ་ཡོཀ་ཏུ་མི་སྟོང་ཕྲག་བཞི་ལྔ་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད། ཡུ་རོབ་ཀྱི་རྒྱལ་ས་སྦར་སིར་ལ་ཡང་མི་མང་འདུ་འཛོམས་ཆེན་པོས་ལས་འགུལ་སྤེལ་ཡོད། ཉེ་ཆར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་དང་ཉི་ཧོང་ནང་མི་དམངས་སྟོང་ཕྲག་འདུ་འཛོམས་ཀྱིས་ཐང་སྟེང་དུ་ཐོན་ནས་ལས་འགུལ་སྤེལ་ཡོད།གྲོས་ཚོགས་ནང་གྲོས་ཆོད་བཞག་ཐུབ་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱུན་ཆད་མེད་པར་ད་ལྟ་བར་དུ་བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་སྟེ་གནས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་༸གོང་ས་མཆོག་གི་དགོངས་པ་གཞིར་བཞག་ཐོག་ནས་གྲོས་ཚོགས་ནས་སྤྱིས་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་བརྒྱུད་ནས་འབྲེལ་མོལ་རེད། དེའི་ཐོག་འཛམ་གླིང་ནང་གི་གྲོས་ཚོགས་ཁག་ནང་གྲོས་ཆོད་བཞག་པ་ཡིན་ནའང་རེད།  གསར་འགྱུར་བརྒྱུད་ལམ་ཁག་དང་གནད་ཡོད་མི་སྣ་ཁག་ཡིན་ནའང་དབུ་མའི་ལམ་གཞིར་བཞག་ཐོག་ནས་འབྲེལ་མོལ་ལ་རྒྱབ་སྐྱོད་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་ཐོན་ཐུབ་པ་བྱུང་ཡོད།  རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ཆ་བཞག་ན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་མཛད་གྲུབ་པའི་རྗེས་སུ་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ནང་། དབུ་མའི་ལམ་ངོས་འཛིན་བྱས་པ་དང་སྦྲགས་འབྲེལ་མོལ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་རེད། ཅེས་འཁོད་ཡོད། ཉེ་ཆར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ལ་ཉིན་གྲངས་བཅུ་མིན་ཙམ་རིང་གཟིགས་སྐོར་དུ་ཕེབས་སྐབས། ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་པོ་ག་རེ་གསུངས་འདུག་ཅེ་ན། བོད་རྒྱའི་དཀའ་རྙོག་འབྲེལ་མོལ་ བརྒྱུད་ནས་སེལ་ཐབས་བྱེད་དགོས་པ་རེད། དེ་ནི་ཨོ་སི་ཊོ་ལི་ཡའི་གཞུང་གི་ལངས་ཕྱོགས་ཡིན།ཞེས་གསུངས་འདུག དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་དབར་ལོ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་དང་བཀའ་བསྡུར་ཡོང་གི་ཡོད།  ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་ཁུན་མིང་ལ་ཨ་རི་དང་རྒྱ་ནག་གཉིས་ཉིན་གྲངས་འགའ་ལྷན་འཛོམས་ཐོག་བཀའ་བསྡུར་གནང་རྗེས་ཨ་རིའི་སྐུ་ཚབ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་འདུག དེར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཆེད་འབྲེལ་མོལ་བརྒྱུད་ནས་བཀའ་བསྡུར་གནང་དགོས་སྐོར་ཧ་ཅང་གསལ་པོ་གསུངས་འདུག དེ་འབྲེལ་རྒྱལ་སྤྱིའི་གྲོས་ཚོགས་ཁག་ནས་བོད་དོན་ཐོག་གྲོས་ཆོད་བཞག་པ་དེ་དག་ལ་བལྟས་ན། དབུ་མའི་ལམ་ལ་གཞིར་བཞག་ཐོག་ནས་འབྲེལ་མོལ་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་ལྟ་བུར་ཆ་མཚོན་ན། རྩོམ་པ་པོ་དང་མཁས་པ་མང་དག་ཅིག་གིས་བོད་ཀྱི་གནས་སྟངས་ཏེ་བོད་རྒྱའི་དཀའ་རྙོག་དེ་འབྲེལ་མོལ་བརྒྱུད་ནས་སེལ་དགོས་ཞེས་རྩོམ་ཡིག་མང་པོ་བཏོན་ཡོད་ཁོངས་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོས་གཙོས་སྙན་གྲགས་ཆེ་བའི་རྩོམ་པ་པོ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་སྙན་ཞུ་ཕུལ་བ་བྱུང་ཡོད། བོད་ནང་གི་གནད་ཡོད་མི་སྣ་དང་མཁས་པ་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་ལངས་ཕྱོགས་གསལ་པོ་བཟོས་ཡོད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་གར་གཞུང་ལ་ཡང་དཀའ་ངལ་མེད་པའི་ཐོག་བོད་ཀྱི་བདེན་མཐའ་གསལ་ཐབས་དེ་དབུ་མའི་ལམ་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། བཀའ་ཤག་སྐབས་བཅུ་བཞི་པས་འབྲེལ་མོལ་ཚོགས་ཆུང་ཐེངས་གསུམ་ཚོགས་ཟིན་པ་རེད། ཐེངས་བཞི་པ་དེ་ཕྱི་ཟླ༌ ༩ པའི་ནང་འཚོགས་རྒྱུ་ཡིན། སྤྱི་ཡོངས་ནས་འབྲེལ་མོལ་ཚོགས་ཆུང་ཐེངས་ ༢༦ ཆགས་ཀྱི་ཡོད།སྐབས་དེ་དུས་འཐུས་མི་གསར་པ་བོད་པའི་སྤྱི་ཚོགས་ནང་ནད་ཡོད་མི་སྣ་ཡིན་པ། དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་དོ་སྣང་བྱེད་མཁན་འཐུས་མི་གསར་པ་ཁོང་རང་ཚོ་གདན་ཞུས་བྱས་ཡོད་ཅེས་ཞུ་རྒྱུ་ཡོད། བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལངས་ཕྱོགས་བརྟན་པོ་ཡོད་པ་མ་ཟད་སྲིད་བྱུས་འདིར་སྔར་ལྷག་འབད་བརྩོན་ཞུ་རྒྱུ་ཡིན། ཐེངས་འདིར་ལྷན་འཛོམས་བྱེད་དགོས་དོན་གཅིག་ནི་ཚང་མས་མཁྱེན་གསལ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་སྐུ་མཚམས་བཞུགས་ཡོད་པ་དང། དེ་བཞིན་ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་དང་གཞིས་ཆགས་ཁག་སྤྱི་ཡོངས་ལ་གསལ་བསྒྲགས་སྔོན་སོང་ལྟར། ༸གོང་ས་མཆོག་གི་བཀའ་སློབ་ཕེབས་ཐོན་ལྟར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་མ་ཎི་སྟོང་ཕྲག་རེ་དང་། ཤེས་རབ་སྙིང་པོ་ཐེངས་གཉིས། འཕགས་བསྟོད་ཐེངས་གཅིག་བསགས་རོགས་ཞེས་བཀའ་ཤག་ངོས་ནས་འབོད་སྐུལ་ཞུ་རྒྱུ་ཡིན། སང་ཉིན་ཡང་སྔ་དྲོ་འདི་གར་འདུ་འཛོམས་གནང་སྟེ་མ་ཎི་དང་ཤེས་རབ་སྙིང་པོ། འཕགས་བསྟོད་གསོག་རྒྱུ་ཡིན། རྩ་བའི་དེ་རིང་སང་ཉིན་ཙམ་མ་ཟད་༸གོང་ས་མཆོག་སྐུ་མཚམས་བཞུགས་པའི་རིང་བོད་མི་སྤྱི་ཡོངས་ཀྱིས་སྒེར་ངོས་ནས་དུས་ཚོད་བཏོན་ཏེ་མ་ཎི་དང་ཤེས་རབ་སྙིང་པོ། འཕགས་བསྟོད་བཅས་གང་མང་གསོག་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དྲན་པའི་ཐོག་ནས་ང་ཚོས་རྒྱལ་བའི་ཞབས་བརྟན་གང་མང་འདོན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།

 

keyboard_arrow_up