འདོན་སྤེལ། ༢༠༡༣/༠༣/༠༧

ཁ་སང་གཟའ་ལྷག་པའི་ཕྱི་དྲོ་བཞུགས་སྒར་དུ་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་ཞིག་གནང་ཡོད།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ བའི་ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱུད་སྟོད་གྲྭ་ཚང་མཁན་པོ་ལ་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད་ཡོངས། བཞུགས་སྒར་ཉེ་མཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་མ་བཅས་མི་ ༡༠༠༠ བརྒལ་བ་འདུ་འཛོམས་ཐོག ཕྱི་ཟླ་ ༢ ཚེས་ ༢༤ ཉིན་རང་ལུས་མེར་བསྲེཊ་གནང་མཁན། བོད་མདོ་སྨད་བ་ཡན་རྫོང་ཚ་ཕུག་ཤང་ས་དཀར་གོང་བོ་སྡེ་བའི་རྒྱལ་གཅེས་དཔའ་བོ་འཕགས་མོ་དོན་གྲུབ་བམ་(འཕགས་མོ་ཚེ་བརྟན) ལགས་དང་། ཕྱི་ཚེས་ ༢༥ ཉིན་རང་ལུས་མེར་བསྲེཊ་གནང་མཁན་བོད་མདོ་སྨད་རྔ་པ་ངྷི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་གི་རྒྱལ་གཅེས་དཔའ་བོ་གྲྭ་གསང་བདག་ལགས། ཕྱི་ཚེས་ ༢༥ ཉིན་རང་ལུས་མེར་བསྲེཊ་གནང་མཁན་བོད་མདོ་སྨད་ཀླུ་ཆུ་རྫོང་ཤིས་ཚང་ཆོས་འཁོར་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་གཟུངས་སྐྱབས་བཅས་གཙོས། ད་བར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་གནང་ཡོད།

མཆོད་འབུལ་སྨོན་ལམ་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་གཞུང་བསྔོ་སྨོན་མཆོད་འབུལ་དེ་ནི་ཉེ་ལམ་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་པ་ཁོང་གསུམ་གཙོས། བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱི་ཆེད་ཡིན་པ་དང་། ད་ལྟའི་ཆར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་གནད་ཡོད་མི་སྣས་དོ་སྣང་དང་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་པ་གསལ་བོ་ཡིན་ཡང་། རྒྱ་ནག་གཞུང་ངོས་ནས་ཀྱང་བོད་དོན་འཁྱོག་བཤད་དང་སྐྱོན་འཛུགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་ད་ལྟའི་བར་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མངོན་འདོད་ལྟར། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་གནང་ཐབས་དང་། བོད་མིའི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་བྱ་དགོས་པའི་སྐོར་སོགས་གསུངས་བྱུང་བ་མ་ཟད། ཁོང་གིས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ཀྱིས་སྐུ་ཕུང་རྩིས་སྤྲོད་མ་བྱས་པར་བློ་ཕམ་ཡོད་པའི་སྐོར་སོགས་གསུང་ཡོད།

བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་ཁྱོན་བོད་མི་སྐྱ་སེར་ཕོ་མོ་ ༡༠༧ རང་ལུས་མེར་བསྲེཊ་གནང་སྟེ། བོད་མི་ ༨༩ འདས་གྲོངས་སུ་གྱུར་ཡོད་ལ། ཁག་ཅིག་ད་ལྟའི་ཆར་ཡང་རྒྱ་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་ཡོད།

keyboard_arrow_up