དབུས་གཙང་ཚོགས་ཆེན་རྒྱས་པ་དང་འགན་འཛིན་ལྷན་ཚོགས་ཐོག་ཚོགས་གཙོའི་ངོ་སྤྲོད་གཏམ་བཤད།

 

ད་རིང་དབུས་གཚང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་དང་སྟབས་བསྟུན་ཏེ། ཚོགས་ཆེན་རྒྱས་པ་གཅིག་གོ་སྒྲིག་ཞུ་དགོས་དོན་ནི།

༡༽ ཚང་མའི་དགོངས་པར་མངའ་གསལ་བཞིན་ད་ལྟའི་སྐབས་བོད་ནང་གི་གནས་སྟངས་ཉིན་རེ་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་པར་སོང་དབུས་གཙང་ཆོལ་ཁས་ངོས་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་གྲོས་བསྡུར་བྱ་རྒྱ་དང༌།

༢༽ བོད་གངས་ཅན་པ་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིདྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱིས། ཐུགས་བརྩེ་བ་བླ་ན་མེད་པའི་སྒོ་ནས་གང་ཉིད་ཀྱིས་དབུ་ཁྲིད་བསྐྱང་བཞིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ལས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་ཁྲིམས་མཐུན་རྩིས་སྤྲོད་མཛད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ལ་དབུ་འོག་དཔུང་འདེགས་ཞུ་ཕྱོགས་སྐོར།

༣༽དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཡར་རྒྱས་ཚགས་ཚུད་བཟོ་ཕྱོགས་སྐོར་སོགས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་སྦྱང་བཤད་གནང་རྒྱུ་བཅས་ཀྱི་ཆེད་དུ་ཚོགས་བསྐོངས་ཞུས་པ་ཡིན། དེ་རིང་ཚོགས་ཆེན་འདི་ཐོག་སྙན་སེང་ཞུ་རྒྱུར་ཉེ་ལམ་ལ་དྭགས་དང་ཨི་ཌ་ལི་བཅས་སུ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་བཀའ་སློབ་ཕེབས་པའི་ཐད་སྐབས་ ༡༥ བོད་མི་མང་སྤྱ་འཐུས་གྲོས་ཚོགས་ཚོགས་དུས་བཞི་པ་དང་དམིག་བསལ་ཚོགས་ཆེན་བཅས་ཀྱིས་ལྷ་དགོང་དངས་སེལ་ཡོང་བའི་གྲོས་ཆོད་འཇོག་གནང་མཛད་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་མ་འོངས་པར་ཞུ་གོ་ཁག་ཕྱུགས་པ་མེད་པར་འགན་འཁུར་ཞུ་རྒྱུ་ཡིན།

ལྷག་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་གང་གནང་བ་རྣམས་རང་ཉིད་གི་དགོས་འཁོ་ལ་མ་བསྟུན་པར་ཐེ་ཚོམས་མེད་པར་སྔར་ལྷག་བློ་རྩེ་གཅིག་ཏུ་བསྒྲིལ་ཏེ་གཞིས་བྱེས་བོད་མིའི་བདེན་དོན་མྱུར་དུ་གསལ་བར་ཆོལ་གསུམ་རྡོག་རྩ་ཆིག་བསྒྲིལ་གྱི་ཐོག་ནས་འཐབ་རྩོད་བྱ་རྒྱུར་བོད་མི་རྩམ་ཟན་ཚང་མས་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་ཞིག་བྱ་རྒྱུ་སྐབས་སུ་བབ་པའི་ཡུལ་མིའི་ལས་འགན་ཞིག་ཡིན། ཕྱི་ལོ་༢༠༠༩ ནས་བཟུང་ད་བར་གཞིས་བྱེས་གཉིས་སུ་དཔའ་བོ་དཔའ་མོ་མི་གྲངས་ ༥༦ ནས་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཆེད་ཏུ་སྐུ་ལུས་མེ་མཆོད་ཕུལ་བ་རྣམས་དང༌། རྒྱ་དམར་གྱིས་དམར་བསད་བཏང་བ་དང་བཙོན་འཇུག་བཀག་ཉར་ནང་ཚོུད་པ་རྣམས་ཀྱི་སྙིང་སྟོབས་ལ་ཡིད་རངས་བསྔགས་བརྗོད་དང་སྦྲགས་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད༌། ཁོང་རྣམས་པའི་ཞལ་འཆེམས་དང་དགོས་འདུན་སྒྲུབ་སླད་ཚོགས་ཆེན་ཐོག་བཀའ་བསྡུར་གྱི་བྱ་ཐབས་འཚོལ་རྒྱུ་ཡིན།  དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ཀྱི་བྱུང་རིམ་མདོར་ཙམ་ཞུ་རྒྱུར་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དབུས་གཙང་ཆོལ་ཁ་ནི་ནུབ་བྱང་སྟོད་མངའ་རིའི་སྐོར་གསུམ་ནས་བར་དབུས་གཙང་རུ་བཞིའི་ས་སྡེའི་ཡོངས་ཀྱི་སྣོད་བཅུད་གཉིས་ལ་འབོད་པ་ཞིག་ཡིན་ཅིང། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྐུའི་སྐྱེ་བ་སྣ་ཚོགས་བཞེས་ནས་རང་ཅག་གངས་ཅན་པ་རྣམས་ཀྱི་འཕྲལ་ཕུགས་བདེ་རྩར་ཚེ་རབས་ཕྲེང་བར། མ་ཡིས་བུ་ལ་བརྩེ་བ་ལྟར་ཆོས་སྲིད་གཉིས་ཀྱི་རིན་ཐང་བྲལ་བའི་ལམ་སྟོན་བཀའ་སློབ་དང་ཐུགས་བརྩེ་ཆེན་པོས་གཟིགས་སྐྱོང་ཉིན་མཚན་དབྱེར་མེད་གནང་དང་གནང་བཞིན་པ་དང༌། བོད་ཀྱི་ཆོས་དང་ཐོུང་མ་ཡིན་པའི་རྩ་ཆེའི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་ཆེད་གདན་ས་སེར་འབྲས་དགའ་གསུམ་དང་བཀྲིས་ལྷུན་པོ་སོགས་ཆོས་ཀྱི་བསྟི་གནས་ཁྱད་ཏུ་འཕགས་པ་གྲངས་ལས་འདས་པ་ཡོད་པ་དེ་དག་གི་རྨང་གཞིའི་ཐོག་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་གཅེས་ཞེན་ཅན་གྱི་བོད་ཀྱི་སྐད་ཡིག་རིག་གནས་ཐོག་མཁྱེན་རྒྱ་ཡངས་པའི་མཁས་དབང་ཁག་ཅིག་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང༌། རྒྱལ་རྩེ་སོགས་ས་གནས་ཁག་ལ་སློབ་གྲྭ་འཛུགས་གཉེར་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་འཕེལ་རྒྱས་དང་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་སོགས་བོད་རྗེ་ཆོས་རྒྱལ་རྣམས་ཀྱི་དགོངས་གཞི་བསྒྲུབས་པ་དང༌། ཆོས་སྒར་ཁག་ནི་བོད་མིའི་བླ་ན་མེད་པའི་རྩ་ཆེའི་བླ་སྲོག་དང་རིན་ཐང་བྲལ་བའི་གཅེས་ནོར་ཞིག་ཏུ་རྩིས་ནས་བདག་སྐྱོང་ཞུ་སྒོ་ཁག་འཐུས་ཤོར་མེད་པ་ཞུས་པའི་འབྲས་བུར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་ཡོངས་སུ་གྲགས་པར་གྱུར་བ་དང། ལོ་ངོ་རྒྱ་ཕྲག་མང་པོའི་རིང་བསྙེན་བཀུར་ཞབས་འདེགས་ཞུ་བའི་དམིགས་བསལ་གོ་སྐབས་བྱུང་བ་ནི་དབུས་གཙང་མི་མང་གི་བསོད་ནམས་དང། བོད་མི་རིགས་ཀྱི་ངོ་བོ་དང་རྣམ་པ་འབུར་དུ་ཐོན་པའི་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་ཐོུང་མ་ཡིན་པའི་རྩ་ཆེའི་རིག་གཞུང་དེ་དག་རྒྱུན་འཛིན་དང། སྲུང་སྐྱོབ། འཕེལ་རྒྱས་བཏང་བའི་བྱ་རིམ་ནང་བོད་མི་རིགས་ཀྱི་ཆེད་དུ་སྲི་ཞུ་དང་ལེགས་སྐྱེས་གང་ལེགས་ཕུལ་ཐུབ་པ་བྱུང་བར་མི་རབས་རྒན་པ་རྣམས་ལ་བཀྲིན་རྗེས་དྲན་དང་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༥༠ ལོར་རྒྱ་དམར་གཞུང་གིས་བོད་ཤར་ཕྱོགས་ནས་བཙན་འཛུལ་བྱ་འགོ་བཙུགས་པ་ནས་བཟུང་བོད་རྒྱ་གཉིས་མཉམ་གནས་ཐུབ་ཐབས་སུ་ལོ་ངོ་དགུ་རིང་བོད་གཞུང་མང་གཉིས་ནས་འབད་བརྩོན་ཞུས་པར་རྒྱ་གཞུང་ནས་བསམ་ཤེས་མ་བྱས་པར་མཐར་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་བདག་དབང་ཡོངས་རྫོགས་དྲག་པོས་བཙན་བཟུང་བྱས་སྟབས། བོད་མི་རིགས་དང་བསྟན་སྲིད་སླད་༧རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟབས་མགྲོན་གཉེར་ཆེན་མོ་སྐོུ་ཕ་ལྷས་གཙོས་གཞུང་ཞབས་མཐོ་གྲས་ཁག་ཅིག་ནས་ྋརྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་ཞུའི་འཆར་འགོད་སྔ་རྗེས་བར་གསུམ་དུ་འཐུས་ཚང་ཞུས་འབྲས་སུ་ྋསྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་བདེ་བར་བཙན་བྱོལ་དུ་ཞབས་སོར་འཁོད་ཐུབ་པ་བྱུང་བ་ནི་རང་ཅག་རྣམས་ལ་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉིད་ལས་མེད་སྟབས། གཞུང་ཞབས་པ་དེ་རྣམས་ཀྱི་མཛད་རྗེས་ལ་མངོན་པར་བསྟོད་ཅིང་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།  དེ་བཞིན་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་བོད་ཀྱི་དཔའ་བོ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་ལགས་དང་ཨ་མདོ་སྦྱིན་པ་རྒྱ་མཚོས་གཉིས་ཀྱིས་དབུ་འཁྲིད་འོག་བོད་ཆོལ་ཁ་གསུམ་གྱི་དཔའ་བོའི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ནས་མགྲོན་གཉེར་ཆེན་མོ་ཕ་ལྷ་དང་ྋསྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་ལ་ལམ་སྟོན་བཀའ་སློབ་ཞུས་པ་བཞིན་བསྟན་སྲུང་དང་བླངས་དམག་སྒར་ནས་མཐུན་འགྱུར་ཞབས་འདེགས་ཞུས་ཏེ་ྋརྒྱལ་བ་རིན་པ་ཆེ་དང་གང་ཉིད་ཀྱིས་དབུ་འཁྲིད་པའི་བོད་གཞུང་བཅས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་དོན་དུ་བཙན་བྱོལ་དུ་བདེ་བར་གདན་ཞུ་གནང་མཁན་ཡོངས་ལ་ཡང་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་གདན་དུ་བོད་ཆོལ་གསུམ་གཅིག་བསྡུས་ཀྱི་ངོ་བོ་མཚོན་ཆེད་དུ་ཆོལ་ཁ་སོ་སོ་ནས་སྤྱི་འཐུས་འདེམས་དགོས་པའི་བཀའ་སློབ་ནན་བརྗིད་ཕེབས་པ་བཞིན་ཆོལ་ཁ་སོ་སོ་ནས་འཐུས་མི་འདེམས་འགོ་ཚུགས་ནས་བོད་མི་རྣམས་མང་གཙོའི་ལམ་སྲོལ་ཐོག་ཐོག་མར་འཁྲིད་གནང་མཛད་ཡོད། དེ་ནས་བཙན་བྱོལ་ནང་ཆོལ་ཁ་སོ་སོའི་སྒྲིག་འཛུགས་ཟུར་འཛུགས་གནང་འགོ་ཚུགས་ཡོད་ཀྱང། དབུས་གཙང་ཆོལ་ཁའི་སྒྲིགས་འཛུག་འདི་བཞིན༌། ཕྱི་ལོ་ ༡༩༨༣ ནས་གསར་འཛུགས་གནང་འདུག། དེ་ནས་བཟུང་ད་ལྟ་བར་དབུས་གཙང་ཆོལ་ཁའི་མི་རབས་རྒན་པ་རྣམས་ནས་སྒྲིག་འཛུགས་འདིའི་འགན་འཁུར་གྱིས་རང་ནུས་གང་ཐུབ་ཀྱིས་སྤྱི་ཚོགས་དང་རྩ་དོན་ཐོག་སྲི་ཞུ་གང་ལེགས་ཞུས་ཡོད་འདུག་ཀྱང༌། དབུས་གཙང་མི་འབོར་ཆེ་བ་དང་ས་གནས་འདྲ་མིན་ལ་ཁ་ཐོར་དུ་གནས་ཡོད་སྟབས་མང་ཚོགས་ཀྱི་མངོན་འདོད་ལྟར་མང་ཚོགས་ཀྱི་བདེ་སྡུག་གང་ཅིར་སྤྱི་སྙོམས་ཀྱི་ལྟ་རྟོགས་ཚད་ལྡན་ཞིག་གནང་ཐུབ་མེད། ཡིན་ན་ཡང་ཆོལ་ཁ་གཞན་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་གཞུང་དགའ་ལྡན་ཕོ་བྲང་ལ་དཀའ་སྡུག་དང་ཡུལ་དུས་གནས་བབས་གང་ཞིག་གི་འོག་ཏུའང་བློ་སྙིང་བྲང་གསུམ་གཏད་ནས་ྋརྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་ཇི་བཞྀན་སྒྲུབ་རྒྱུ་དང་བོད་གཞུང་གི་ལམ་སྟོན་ལྟར་ཤར་བསྐྱོད་ཀྱིས་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བའི་ཞབས་ཞུ་ཁ་ཞེ་གཉིས་མེད་ཀྱིས་སྒྲུབ་ཡོད་པའི་མཚོན་རྟགས་ནི་ཕྱི་ལོ་ ༢༠༠༦ ཟླ་ ༧ ཚེས་ ༡ ཉིན་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་སྐབས་ ༩ པས་སྣེ་འཁྲིད་ཀྱིས་གཞིས་བྱེས་གཉིས་སུ་གནས་པའི་དབུས་གཙང་ཆོལ་ཁའི་སེར་སྐྱ་མི་མང་སྤྱི་མགྲིན་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་༧སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཀྱི་བཀའ་སློབ་རིན་པོ་ཆེ་སྤྱི་ཕེབས་ཀྱི་སྙིང་དོན་གཤམ་གསལ་ནས་མཚོན་ཐུབ། དེ་རིང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཁོངས་ཀྱི་ཁྱེད་རང་ཚོ་སེར་སྐྱ་མི་མང་སྤྱི་པའི་ཐོག་ནས། ལོ་རྒྱུས་ཐོག་ནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ས་ཁུལ་དེ་དག་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་འབངས་སུ་་ཚེ་རབས་ནས་ཚེ་རབས་སུ་བསྙོན་དུ་མེད་པར་བསྡད་ཡོད། ཐོུང་མ་ཡིན་པའི་ལ་རྒྱ་དང་ཞེན་ཁོག་ཡོད། དབུས་གཙང་མངའ་རིས་དང་བཅས་པའི་ས་ཁོངས་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་ཡོད་པ་དེ་དག་ལ་རྟ་ཁལ་འུ་ལག་དང༌། དེ་བཞིན་དམག་རྐང་འཁྲི་རྒྱུགས། མང་པོ་ཞིག་བཤུ་་གཞོག་ཟེར་ཡང་འདྲ། གང་ལྟར་དཀའ་ངལ་མང་པོ་ཞིག་མྱངས་ཡོད་ཀྱང། ང་ཚོ་སྡེ་པ་གཞུང་གི་མི་སེར་ཡིན་ཞེས་ལབ་ནས་དམིགས་བསལ་གྱི་གཞེན་ཁོག་དང༌། ཤ་ཚ་ལངས་ཕྱོགས་བརྟན་པོ་འདུག། ངོས་རང་དབུས་གཙང་གི་མི་ཆགས་མེད།  ཨ་མདོའི་ཕྲུ་གུ་ཡིན། ཨ་མདོའི་ནང་ནས་ཟི་ལིང་བ་ཡིན་ཀྱང། ཆུང་ལོ་ངོ་བཞི་ལྔ་ནས་བཟུང་ལྷ་སར་བསྡད་དེ་ཕལ་ཆེར་དབུས་གཙང་གི་མི་འདྲ་པོ་ཆགས་ཡོད། དེ་རིང་འདིར་ཁྱོད་ཚོས་བརྟན་བཞུགས་ཕུལ་བར་ངོས་རང་ཧ་ཅང་དགའ་པོ་བྱུང༌། ཁྱོད་རང་ཚོས་ཀྱང་སྨོན་ལམ་རྒྱོབས། ངོས་ནས་ཀྱང་སྨོན་ལམ་རྒྱགས་རྒྱུ་ཡིན། གཅིག་ནས་དད་པ་དམ་ཚིག་གཡོ་བ་མེད་པ་ཞིག་དང༌།  གཉིས་ནས་ཁ་ལ་ཉན་པོ་བྱས་ནས་བསྡད་དུས་དམིགས་བསལ་གྱི་དད་པ་དང་དམ་ཚིག་གི་འབྲེལ་བའི་ནུས་པ་ཞིག་ཏན་ཏན་ཡོང་རྒྱུ་རེད།  དེར་བརྟེན་དེ་རིང་བརྟན་བཞུགས་འབུལ་རྒྱུ་དེ་གནད་འཁེལ་ཡག་པོ་ཡོང་རྒྱུ་ཡིན། ཞེས་བཀའ་སློབ་སྤྱི་ཕེབས་བསྩལ་ཡོད་པ་དེའི་ཐོག་ནས་བོད་སྤྱིའི་བསོད་ནམ་གསོག་རྒྱུར་རླབས་ཆེན་གྱི་ཞབས་འདེགས་དང་ཕན་རླབས་བསྐྲུན་ཡོད༌། ཡང་སྒོས་སུ་དབུས་གཙང་མི་མང་རྣམས་ཚེ་རབས་ཀུན་ཏུ་འཕགས་མཆོག་སྤྱན་རས་གཟིགས་དང་ནམ་ཡང་མ་བྲལ་བར་སྐྱབས་འཇུག་རྗེས་འཛིན་ཡོང་རྒྱུར་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་གསོག་ཐུབ་ཡོད་པ་ནི་སྐལ་བ་སྟོང་གི་བར་བཀྲིན་གསབ་མི་ཐུབ་པའི་དབུས་གཙང་མི་རབས་རྒན་པ་རྣམས་ཀྱི་མཛད་རྗེས་ཞིག་ཡིན་པར་གདོན་མི་ཟ། དེས་ན་དབུས་གཙང་མི་རབས་རྒན་པ་ཚོས་རང་གི་རྩ་བའི་བླ་མའི་བཀའ་མི་འགལ་བར་བཀའ་གསུང་ཅི་གྲུབ་ཞུས་ཏེ་སྲི་ཞུ་ཞབས་འདེགས་ཞུས་པ་དེ་རིགས་ཀྱི་བཀྲིན་རྗེས་དྲན་ཞུ་རྒྱུ་དང༌། དེའི་ལམ་ཕྱོགས་སུ་འབྱུང་འགྱུར་མི་རབས་གཞོན་སྐྱེས་རྣམས་ཀྱི་མདུན་བསྐྱོད་ཐུབ་པ་བྱ་དགོས་པ་ནི་ལས་འགན་གཙོ་བོ་དེ་ཡིན།  དེ་བཞིན་དབུས་གཙང་སྒྲིག་འཛུགས་ནས་ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་དམིགས་ཡུལ་དང་ནུས་པ་གཅིག་ཏུ་རྒྱུར་རྒྱུར་རྡ་སར་དབུས་གཙང་ཆོལ་ཁའི་ས་ཁང་ཡོད་པ་དེའང་ཆོལ་གསུམ་མཉམ་དུ་འཛུགས་བསྐྲུན་བྱ་རྒྱུར་གུ་བཤངས་དང་ཁོར་ཡུག་བསྐྲུན་འདུག་པ་དང༌། ༡༩༩༥ ལོར་ཆོལ་གསུམ་གཙོས་ཚོགས་པ་ཁག་མཉམ་རུབ་ཀྱིས་བོད་ལ་གོམ་བགྲོད་འགྲོ་རྒྱུའི་ལས་འགུལ་རྒྱ་ཆེ་སྤེལ་བ་དེའི་སྦྱོར་དངོས་རྗེས་གསུམ་ཚང་མར་འགན་འཁུར་ལེགས་སྒྲུབ་ཀྱིས་ཆབ་སྲིད་དང་བོད་དོན་གོ་རྟོགས་སྤེལ་རྒྱུར་ཞབས་འདེགས་མི་དམན་ཙམ་ཞུ་ཐུབ་པ་བྱུང་ཡོད། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་སྤྱི་འཐུས་འོས་འདེམས་བྱ་རྒྱུར་ཐེ་འཚོམས་མེད་པར་རྒྱབ་སྐྱོར་དང༌། ལྷག་དོན་ ༡༩༨༥ ལོར་ྋ་གོང་ས་མཆོག་ནས་ཆོལ་ཁ་སོ་སོའི་འཐུས་མི་སྤྱི་མཚུངས་ཡོད་པའི་ཐོག་འོས་འདེམས་ཆོལ་གསུམ་དབྱེར་མེད་ཀྱི་ཐོག་ནས་ཐེངས་གཅིག་ཚོད་ལྟའི་ཆེད་དུ་བྱ་རྒྱུའི་སྐོར་དགོངས་ཚུལ་དང་ཐུགས་རེའི་བཀའ་སློབ་ལམ་སྟོན་ཕེབས་པར་བཀའ་གསུངས་ཅི་བཞིན་སྒྲུབ་རྒྱུའི་རྒྱབ་སྐྱོར་ཞུས་ཡོད་འདུག་པ་ནི། རྒྱལ་བའི་བཀའ་དགོངས་གྲུབ་པ་དང་ཆོལ་གསུམ་ཆིག་བསྒྲིལ་ཡོང་བའི་དོན་དུ་དབུས་གཙང་ཆོལ་ཁའི་མི་རབས་རྒན་པ་རྣམས་ཀྱི་དགོངས་པ་བཞེས་ཕྱོགས་དང་རླབས་ཆེན་གྱི་ལངས་ཕྱོགས་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ་དང༌། བཀྲིན་རྗེས་དྲན་གྱི་ལོ་རྒྱུས་གསེར་ཡིག་བོད་ཀྱི་ལོ་རྒྱུས་ནང་བཀོད་འོས་པ་ཞིག་ཡིན།  དེ་བཞིན་ ༢༠༠༡ ལོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཐར་ཐུག་གི་དགོངས་གཞི་མང་གཙོ་ཡང་དག་པ་སྐྲུན་རྒྱུའི་ཆ་ཤས་སུ་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱ་དགོས་བཀའ་སློབ་ཕེབས་པ་ལྟར་དབུས་གཙང་མི་མང་ནས་ཕྱོགས་ལྷུངས་དང་འཐེན་འཁྱེར་གྱི་བསམ་བློ་ཡེ་ནས་དོར་ནས་ྋགོང་ས་མཆོག་གྱི་བཀའ་དགོངས་ལྟར་ཁ་ཞེ་གཉིས་མེད་ཀྱི་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་ཞུ་ཐུབ་མཁན་ཞིག་འོས་འདེམས་བྱ་རྒྱུ་གཙོ་བོར་བཟུང་ནས་ྋསྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པར་ཐེངས་གཉིས་དང༌། ཉེ་བའི་ཆར་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིའི་འོས་འདེམས་ཀྱི་རྒྱལ་ཁ་ཕུལ་བ་བཅས་ལ་གཟིགས་ཚེ། དབུས་གཙང་མི་མང་གི་བོད་ཀྱི་ཆབ་སྲིད་དང་ཆིག་སྒྲིལ་གྱི་ཐོག་ལ་ཞབས་འདེགས་ཆེན་པོ་ཞུས་ཡོད་པའི་སྤོབས་པ་སྐྱེས་འོས་པ་ཞིག་ཡིན།

ད་ལྟའི་སྐབས་ྋསྤྱི་ནོར་ྋ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱི་ཆབ་སྲིད་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་ཡོད་ཀྱང༌། བོད་མི་རིགས་ལ་ཁྲག་དང་མིག་ཆུའི་སྡུག་བསྔལ་ཉིན་མཚན་འཁྱོལ་དཀའི་ཡ་ང་བའི་གནས་སྟངས་ལས་སྐྱོབ་པ་དང༌། སངས་རྒྱས་ཀྱི་བསྟན་པ་དང་དེ་དང་འབྲེལ་བའི་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་བཅས་སྲུང་སྐྱོབ་ཆེད་དུ་བོད་མི་རིགས་ཀྱི་ལྷ་སྐལ་དུ་འཕགས་པ་སྤྱན་རས་གཟིགས་སྐུ་ལུས་རྗེན་པ་བདག་ཅག་གི་དོན་དུ་མིའི་ལུས་སུ་ཕེབས་པ་ཡིན་པ་ཐེ་ཚོམ་གང་ཡང་མེད༌། ད་ལྟའི་སྐབས་འཛམ་གླིང་ནང་བོད་དང་བོད་མིའི་གནས་བབ་དང༌། བོད་མིར་ཆེ་མཐོང༌། ཡིད་ཆེས་ཡོད་པ་མཐའ་དག་ཀྱང་ཁོང་གི་ཐུགས་བརྩིས་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་རེད། དེ་ལྟ་ན་བོད་མི་སྤྱི་དང་ལྷག་དོན་དབུས་གཙང་མི་མང་ནས་སྔར་ལྷག་ཡིད་གཟབ་ཀྱིས་མགོན་པོ་གང་གི་བཀའ་དགོངས་མི་འགལ་བའི་འགན་འཁུར་ཞུ་རྒྱུ་ནི་ང་ཚོའི་འདི་ཕྱི་གཉིས་ལ་ཕན་པའི་རླབས་ཆེན་གྱི་བྱ་བ་བླ་ན་མེད་པ་ཞིག་ཡིན་པས་ཚང་མས་ལྷོད་གཡེང་དུ་མ་སོང་བ་གནང་དགོས།  ལྷག་དོན་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་ཐུད་འཚོ་བ་མར་གྱི་བཀྲིན་ཡིན་པ་མ་ཤེས་པ་ཡང་ཡོད་བཟོ་མངོན་པའི་ཧ་ཅང་གྱི་བློ་ཕམ་གྱི་གནས་སུ་རྒྱུར༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བསྟན་འགྲོ་སྤྱི་དང༌། བྱེ་བྲག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་རྩ་དོན་བསྒྲུབ་ཐབས་སུ་དགུང་ལོ་ ༡༡༣ བར་བཞུག་རྒྱུའི་བསྐལ་བཟང་གྱི་ཞལ་བཞེས་མཛད་ཡོད་ཀྱང༌། བོད་མིའི་སྤྱིའི་བསོད་ནམས་མ་ཆུ་ན་ྋརྒྱལ་མཆོག་གོང་མ་རྣམས་ཀྱི་མཛད་པ་ལྟར་ྋམགོན་པོ་གང་གི་ྋསྐུ་ཚེར་ཡང་འགེགས་རྐྱེན་འབྱུང་མི་སྲིད་པ་མིན་སྟབས། ྋརྒྱལ་བ་རིན་པོ་ཆེ་ཐུགས་ཕམ་འགྱུར་གཞིའི་མཚན་སྨད་སྐུར་འདེབས་སོགས་བསྙོན་འཛུགས་བྱ་མཁན་རིགས་ལ་སྐབས་མཚམས་སོ་སོར་གང་ཐུབ་ཀྱི་གོ་བཀོན་བསལ་བཤད་བྱ་རྒྱུ་དང་ད་དུང་བསམ་ཤེས་མི་བྱེད་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་རྣམ་པ་སྟོན་དགོས་པ་རང་དོན་རང་གཅེས་སུ་མཐོང། ྋགོང་ས་མཆོག་སྐུ་ཚེ་བརྟན་དང་མི་བརྟན། སྐུའི་ཡང་སྲིད་ཕེབས་དང་མི་ཕེབས་ནི་བོད་མི་སྤྱིའི་བསོད་ནམས་ལ་རག་ལུས་ཡོད། དེར་བརྟེན་བོད་སྤྱི་བའི་བསོད་ནམས་གསོག་སྤེལ་གྱི་ལས་འགུལ་ནང་དབུས་གཙང་མི་མང་ནས་ཆ་ཤས་ལེན་རྒྱུ་དང་མཉམ་ཞུགས་གཞི་རྒྱ་ཆེ་ཙམ་གནང་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། བོད་ནང་གི་ཛ་དྲག་གནས་སྟངས་རྒྱུ་མཚན་མང་པོ་ཞིག་ལ་དགོངས་ཏེ་བོད་མི་རིགས་རིག་གཞུང་དང་བཅས་པ་སྡུག་ཟད་འཇིགས་ཉེན་ཆེ་བའི་སྐབས་འདིར་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་བོད་གཉིས་དབར་གྲོས་མོལ་གནང་རྒྱུར་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་དབུས་གཙང་གཞིས་བྱེས་མང་ཚོགས་ནས་སྔ་བར་ཕྱི་གསུམ་དུ་རྒྱབ་སྐྱོར་དང་ལངས་ཕྱོགས་བརྟན་པོ་ཟིན་ཡོད། སྲིད་བྱུས་འདི་རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་མིན་པར་ད་ལྟའི་དངོས་ཡོད་གནས་སྟངས་ལ་རན་པའི་ཐབས་བྱུས་ཞིག་ཀྱང་ཡིན་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱབ་བསྐྱོར་ཡོད་པ་མ་ཟད། རྒྱ་རིགས་ཤེས་ཡོན་ཅན་མང་པོས་ཀྱང་རྒྱབ་སྐྱོར་ཐོབ་བཞིན་པ་ཡིན།   དེར་བརྟེན་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་དང་མི་མང་ཚང་མས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འདིའི་དམིགས་ཡུལ་དང་དགོས་དོན་བསྒྲུབ་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཕྱྭ་གྲུ་མཉམ་འདེགས་ཞུ་དགོས་པ་གལ་ཆེ་ཡིན༌།

དེ་བཞིན་གཞོན་སྐྱེས་རྣམས་ནས་མི་རབས་རྒན་པ་རྣམས་མ་རྫོགས་གོང་རང་རང་སོ་སོའི་ཕ་མེས་ཀྱི་ལུང་པའི་ལོ་རྒྱུས་དང༌། རིག་གཞུང༌། ཆས་གོས་གོམས་སྲོལ་སོགས་ལ་ཉམས་ཞིབ་དང༌། འབྲི་རྩོམ། སྒྲ་འཛིན་འཁོར་འཇུག མི་ཉམས་རྒྱུན་འཛིན་བྱ་རྒྱུ་སོགས་ནི་གཞོན་སྐྱེས་ཚོས་སྐབས་བབས་འོས་འགན་གལ་ཆེ་ཞིག་ཀྱང་ཡིན། དོན་གནད་གལ་ཆེ་འདི་ཚོའི་ཐོག་དབུས་གཙང་དབུས་རྒྱུན་ལས་ནས་རོགས་རམ་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན༌། དབུས་གཙང་ཆོལ་ཁའི་ནང་གྱི་ཚོག་པ་དང་སྐྱིད་འདུག་ཁག་ནས་རང་གཞུང་ལ་དབུ་འོག་དཔུང་འདེགས་ཀྱི་ཞབས་འདེགས་གང་ཐུབ་ཞུ་དང་ཞུ་བཞིན་པ་མ་ཟད་དབུ་གཙང་ཚོགས་པའི་འཁུར་དུ་བབས་པའི་ལས་འདོན་མང་དག་ཞིག་དབུས་གཙང་ཚོགས་ཀྱིད་ཁག་ནས་འགན་བཞེས་ལག་བལྟར་གནང་དང་གནང་ཞིན་པར་ཡིད་རང་མངགས་བརྗོད་དང་བསྒྲགས་མ་འོང་པར་གཞི་རྩའི་གལ་གནད་ཆེ་བའི་གནས་དོན་ཐོག་དབུས་གཙང་ཆོལ་ཁའི་སྒྲིག་འཛུག་དང་ཚོགས་སྐྱིད་ཁག་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་མ་ཐུབ་ན་ངེས་པར་འགྲུབ་དགོས་པ་དང་འགྲུབ་ཐུབ་པ་ཞིག་ཡོད་ན་ཡང་འགྲུབ་མི་ཐུབ་པ་བྱུང་བ་ནི་ཉམས་མྱོང་གྱི་ཆ་ནས་མཁྱེན་གསལ་ཡིན༌། དེ་རྩིས་ཕན་ཚུན་མཚང་མས་དགོངས་པ་ཡངས་ཞིང་རྒྱ་ཆེ་བ་བཞེས་དགོས་པའི་དྲན་གསོའི་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན༌། ད་ཡོད་རྒྱུན་ལས་རྣམ་ལ་ལེགས་སྤེལ་ཉེས་འགོག་དང་གང་ཅེའི་ཐུན་རྒྱུར་རམ་འདེགས་ཅི་ནས་ནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན༌། ང་ཚོས་ཤེ་བཞིན་དུ་ཁྱད་གསོད་ཀྱི་ནོར་འཁྲུལ་གཏོང་གྱི་མེ་ནའང་མ་ཤེས་མ་རིག་པའི་སྒོ་ནས་ནོར་ཁྲུལ་ཡོང་རྒྱུ་རང་བཞིན་གྱི་གནས་དོན་ཡིན་སྟབས་ནོར་ཁྲུལ་གང་བྱུང་བ་རྣམས་ངོས་ལེན་བྱེས་ཏེ་ལེགས་བཅོས་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད༌།  དབུས་གཙང་ཁྱབ་ཁོངས་ཚོགས་པ་དང་སྐྱིད་སྡུག་སོ་སོ་ནས་བོད་མི་རིགས་དང་བསྟན་སྲིད་ཀྱི་དོན་དུ་ཤེས་ཡོན་དང༌།  སྨན་ཁང། ཉམས་ཐག་རིགས་ལ་རོགས་ཕན་སོགས་གནང་ཡོད་པ་དེ་རིགས་ཕྱོགས་བསྒྲིགས་ཀྱིས་ལོ་རྒྱུས་དེབ་ཐེར་ནང་འཇོག་ཐུབ་ན། གཞོན་སྐྱེས་དང་མི་རབས་རྗེས་མ་རྣམས་ལ་མིག་དཔེ་དང་ལམ་སྟོན་གྱི་ཚུལ་དུ་སེམས་ཤུགས་དང་འདུན་པ་སྤེལ་རྒྱུའི་གཞི་རྩ་ཆགས་རྒྱུར་ཕན་ཐོག་ཆེན་པོ་མཐོང༌། དེ་ལྟར་ལག་ལེན་དུ་འཁེལ་ཆེད་དབུས་གཙང་གི་ཚོགས་ཆེན་ནམ་ཡིན་ལ་ཚོགས་སྐྱིད་ཁག་གི་འཐུས་མི་ཚོགས་བཅར་ཐུབ་པ་དགོས་ངེས་མཐོང༌།  དེ་བཞིན་ད་ལམ་གྱི་ཚོགས་ཆེན་གྱི་གྲོས་གཞིའི་དོན་ཚན་ཁག་གི་ཐོག་དགོངས་འཆར་དང་གྲོས་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཡོད། ལྷག་དོན་དུ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་འདི་ལྟར་ཚགས་ཚུད་ཡར་རྒྱས་གཏོང་ཕྱོགས་སྤྱི་དང་ད་ལྟ་འགྲོ་བཞིན་པའི་ཨར་པོའི་ལས་གཞི་འཇུག་སྐྱོང་ཞུས་ཕྱོགས༌། དཀའ་ངལ་ཅན་གྱི་བོད་མི་སྤྱི་དང་ལྷག་པར་སྒྲིག་ཁོངས་མི་མང་གི་བདེ་སྡུག་ལ་དབུས་ས་གཉིས་ནས་ལྟ་རྟོགས་བྱ་ཕྱོགས། དབུས་ས་གཉིས་དང་མང་ཚོགས་དབར་འབྲེལ་བ་སྔར་ལྷག་ཡར་རྒྱས་དང་ཆིག་སྒྲིལ་ཡོང་རྒྱུར་དགོངས་ཚུལ་གསལ་པོ་དང་ལྷུག་པོ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། དེ་སྔོན་སྐལ་བཟང་ལུག་བཟང་གྱི་དུས་སྐབས་སུ་གཞུང་དང་སྒྲིགས་འཛུགས་ཀྱི་མཁར་དབང་དང་དངུལ་དངོས་ཇི་ཡོད་གང་བྱུང་བུམ་པ་གསེར་བླུག་གྱི་ཚུལ་དུ་བཞག་པ་མ་གཏོགས་རྩིས་ཕྲ་ཉར་འཇོག་དང་རྩསི་ཞིབ་བྱ་ལམ་མེད་ནའང་དེ་སྐབས་འཛམ་གླིང་ཡར་འཐོན་ཅན་གྱི་རྒྱལ་ཁབ་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གྱི་རྩིས་ཕྲ་ཁུངས་ལྡན་ཉར་ཚགས་དང་བསྦྲགས་རྩིས་ཕྲར་ལུགས་མཐུན་རྩསི་ཞིབ་བྱ་རྒྱུ་གཞི་རྩའི་ཆ་རྐྱེན་དུ་གྱུར་ཡོད་སྟབས་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ཀྱི་རྩིས་ཕྲར་ ༢༠༡༣ ཟླ་ ༤ ཚེས་ ༡ ནས་རྩི་ཞིབ་བྱ་རྒྱུ་ཐག་གཅོད་ཟིན་པ་ལྟར་རིམ་པས་ལམ་སྟོན་ཡོང་རྒྱུར་དེ་རྩིས་ད་ལྟ་ནས་དགོངས་བཞིས་གནང་གལ༌།

མཐའ་དོན། བོད་བསྟན་སྲིད་མི་རིགས་དང་རིག་གཞུང་བཅས་པ་ཆགས་འཇིགས་ཀྱི་གཉེན་འཕྲང་དུ་བསླེབས་པའི་དུས་སྐབས་འདིར་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དམ་པར། ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཙད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག  ྋསྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་འབད་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཕང་དགུང་དུ་འདེགས་ཤིང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས། གཞིས་བྱེས་གཉིས་འཛོམས་ཀྱི་ཉིན་མོ་མགྱོགས་ལ་མྱུར་དུ་འཆར་བའི་སྨོན་འདུག་ཤུགས་དྲག་ཞུ་རྒྱུ་བཅས། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༢ ཟླ་ ༩ ཚེས་ ༣༠ ལ།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

keyboard_arrow_up