༄༅། དམངས་གཙོའི་དུས་ཆེན་ཐེངས་ང་གསུམ་པའི་མཛད་སྒོའི་ཐོག་བཀའ་སྤྱི་གཉིས་ནས་བསྩལ་བའི་བཀའ་སློབ་སྙིང་དོན།

ངྷ་སར་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་ཐེངས་ང་གསུམ་པའི་སྟེང་། བཀའ་སྤྱི་གཉིས་ཀྱིས་གསུང་བཤད་གནང་བའི་ནང་། བཀའ་ཤག་གིས་དེང་སྐབས་བཙན་བྱོལ་ནང་ལྐོག་ཟ་དང་བུད་མེད་ལ་བརྙས་བཅོས་ཀྱི་གནས་ཚུལ་ཡོད་པར། བོད་པའི་ཀུན་སྤྱོད་ཉམ་ཆག་ལ་དོ་གཟབ་གནང་དགོས་སྐོར་གསུངས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་སྐབས། བཀའ་ཤག་བཅུ་བཞི་པའི་ལས་དོན་ཆེ་ཁག་དང་། བོད་རྒྱ་འབྲེལ་མོལ་སྐོར་ལ་ཁོང་གིས “༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པའི་དབང་གིས། བཀའ་ཤག་སྐབས་བཅུ་བཞི་པར་ལོ་རྒྱུས་རང་བཞིན་ལྡན་པའི་རླབས་ཆེ་བའི་འགྱུར་བ་འདི་ལམ་ལྷོངས་ཡོང་བ་བྱེད་རྒྱུའི་ལས་འགན་བབས་པར་བརྟེན། ང་ཚོའི་ཕྱོགས་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་ནི། ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དང་། དངོས་གཞིའི་ལས་འགུལ་སྤེལ་རྒྱུ།  མཐར་འབྲེལ་མོལ་ཐོག་འབབ་རྒྱུ་བཅས་ཀྱི་ལས་དོན་གོ་རིམ་ངེས་ཅན་ཞུས་ཡོད། གྲོས་མོལ་བརྒྱུད་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ ཤོས་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་པ་ཡིད་ཆེས་བརྟན་པོའི་སྒོ་ནས་ཞུ་རྒྱུ་ཡིན། སྲིད་བྱུས་འདི་མཐའ་གཉིས་ཀྱི་དབུས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་ཁག་མཚམས་འཇོག་དགོས་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཁ་བྲལ་རྩོད་ཀྱི་མེད་སྟབས། དེ་ནི་ ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་ཡིན། རྒྱ་ནག་གི་མགོ་ཁྲིད་ཚོས་སྲིད་བྱུས་འདིའི་དགེ་མཚན་ཤེས་པའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་བའི་རེ་བ་ཡོད། བོད་དོན་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུ་རྒྱ་ནག་གི་ཁེ་ཕན་ལ་ཐུག་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་གི་རྒྱ་ནག་གི་མཚན་མཐོང་བསྐྲུན་རྒྱུར་ཡང་ཕན་ཐོགས་ཡོད། འདིའི་ཐད་ཉིན་ཤས་རྗེས་ངྷ་རམ་ས་ལར་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་འཚོགས་ཀྱི་ཡོད་” ཅེས་གསུངས་སོང་།   མཐར་སྲིད་སྐྱོང་མཆོག་གིས “དེ་རིང་གི་གོ་སྐབས་འདི་དང་བསྟུན་དྲན་སྐུལ་ཞུ་རྒྱུ་ཞིག་ལ། མང་གཙོའི་སྤྱི་ཚོགས་ནང་ཚང་མས་ཐོབ་ཐང་དང་ཁེ་ཕན་ལོངས་སུ་སྤྱོད་བཞིན་པ་ལྟར་ལས་འགན་ཡང་མཉམ་འཁུར་དགོས་རྒྱུ་ཡང་བརྗེད་མི་རུང་། ལས་འགན་མཉམ་འཁུར་ཞུ་རྒྱུ་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ཡིན་པ་ཙམ་མ་ཟད། ཁྲིམས་ཀྱིས་བསྐུར་བའི་ལས་འགན་ཞིག་ཀྱང་ཆགས་ཡོད། དེ་མཚུངས་མང་གཙོ་དང་རང་དབང་གི་སྤྱི་ཚོགས་ནི་ཁྲིམས་ཀྱི་དབང་སྒྱུར་ལ་བརྟེན་པ་ཞིག་ ཡིན་སྟབས། རྒྱུན་ལྡན་འཚོ་བའི་ནང་ཁྲིམས་སྒྲིག་ལ་གཙི་འཇོག་དང་སློབ་སྦྱོང་གིས་གོམས་འདྲིས་བསྟེན་རྒྱུ་ཧ་ཅང་གི་ གལ་ཆེན་པོ་ཡིན། དེང་སྐབས་ང་ཚོའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་ནང་སྤྱི་རྒྱུ་སྒེར་ཟ་དང་། ལོག་འཚོ། བུད་མེད་ལ་བརྙས་བཅོས་ལྟ་བུའི་གནས་ཚུལ་ཉུང་ཤས་ལྷག་བཞིན་པ་ནི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་ཀ་ཉམས་ཆག་འགྲོ་བའི་རྟགས་མཚན་ཡིན་སྟབས། ཚང་མས་འདིའི་ཐད་ཐུགས་སྣང་ཟབ་བཞེས་དང་། འགན་འཁུར་མཉམ་ལེན་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་”ཞེས་འབོད་སྐུལ་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག་ ༢༠༠༩ ལོ་ནས་ད་བར་བོད་མི་ ༡༢༠ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་ཀྱང་རྒྱ་གཞུང་གིས་དེ་དག་གི་མངོན་འདོད་ལ་བསམ་ཞིབ་རྩ་བ་ནས་མེད་པར་བསྙོན་འཛུགས་སྣ་ཚོགས་དང་། རང་སྲེག་གནང་མཁན་ཚོའི་ནང་མི་གཉེན་འབྲེལ་སོགས་འཛིན་བཟུང་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་འགན་འཛིན་ཡུས་ཀྲིན་ཧྲིན་བོད་ཁུལ་དུ་བསྐྱོད་དེ།  ཏཱ་ལའི་བླ་མ་འི་བོད་ཆེན་པོ་དང་། ཚད་མཐོའི་རང་སྐྱོང་ནི་ཀྲུང་གོའི་རྩ་ཁྲིམས་དང་འགལ་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་དང་ཡང་འགལ་ཡོད་སྐོར་བརྗོད་པ་ནི། རྒྱ་གུང་ཁྲན་སྲིད་དབང་སྒེར་འཛིན་པ་ཁོ་རང་ཚོས་ཁྲིམས་འགལ་བྱས་ཏེ།བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་འདོད་ཀྱི་གདོང་རིས་ངོ་མ་དེ་ཡིན་སྐོར་བཀོད་འདུག  རྒྱ་གཞུང་གིས་བོད་པའི་དགོན་སྡེ་ཁག་ཏུ་རྒྱ་དར་བསྒྲེངས་འཛུགས་དང་། རྒྱ་ནག་གི་མགོ་ཁྲིད་ཚོའི་དཔར་སྒྲིག་བཤོམ། ཆོས་ཀྱི་བྱེད་སྒོ་བཀག་སྡོམ་བྱེད་ཀྱིན་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནའི་ནང་གི་དགོན་སྡེ་ ༡༧༨༧ ཙམ་ནང་བཅའ་སྡོད་ལས་བྱེད་ ༦༥༧༥ ཆེད་གཏོང་བྱས་ཏེ་ཆབ་སྲིད་ལས་འགུལ་སྤེལ་བཞིན་པ་དག་མཚམས་འཇོག་བྱེད་དགོས་པ་དང་། ད་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དེ་སྔོན་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་འགྲེམས་སྟོན་ཁང་སྒོ་འབྱེད་དང་། ཟླ་ ༨ ཚེས་ ༡ ཉིན་ནས་རྒྱ་གཞུང་གིས་ཨ་སྒོར་ས་ཡ་མང་པོ་བཏང་སྟེ། ལྷ་སར་འུན་ཤིང་ཀོང་ཇོ་ཟེར་བ་འཁྲབ་སྟོན་སོགས་བྱས་ཏེ་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མགོ་བཙུགས་ཡོད་པ་དེ་དག་ལ། བོད་མི་ཚོ་མགོ་སྐོར་བསླུ་བྲིད་འོག་མ་ཚུད་པ་གནང་དགོས་སྐོར་བཀོད་འདུག  རྒྱ་གཞུང་གིས་ཕྱོགས་གཅིག་ནས་བོད་ནང་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ། ཡུན་རིང་བདེ་འཁོད་སོགས་སྒྲོག་གི་ཡོད་ཀྱང་། འབྲོག་པ་གནས་སྤོར་བྱས་ཤུལ་དུ་གཏེར་ཁ་སྔོག་འདོན་དང་། རང་བྱུང་ཐོན་ཁུངས་ཀྱི་བཟོ་གྲྭ་མང་པོ་གསར་རྒྱག བོད་ཁུལ་གྱི་ཐོན་རྫས་སྐྱེལ་འདྲེན་ཆེད་མེར་འཁོར་ལྕགས་ལམ་དང་།  གཞུང་ལམ་མང་པོ་འཛུགས་སྐྲུན་བཅས་བྱེད་ཀྱིན་ཡོད་པ་འདི་དག་ནི་སྤྱིར་འཛམ་གླིང་དང་།  སྒོས་ཨེ་ཤ་ཡ།  བྱེ་བྲག་ཏུ་བོད་ཀྱི་སྣོད་བཅུད་ལ་གནོད་ཚབས་ཆེ་བ། ཟླ་ ༨ ཚེས་ ༡༢ ཉིན་ནས་བཟུང་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་དུ་གཏེར་ཁ་སྔོག་འདོན་བྱེད་མཁན་ལ་ས་གནས་མི་མང་གིས་ངོ་རྒོལ་བྱེད་སྐབས། རྒྱ་དམག་གིས་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པ་དག་མཚམས་འཇོག་བྱེད་དགོས་སྐོར་བཀོད་འདུག  ཡང་འདི་ལོར་བོད་ནང་གི་དཀར་མཛེས་དང་ལི་ཐང་།  བླ་བྲང་དང་མགོ་ལོག་སོགས་སུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་བྱེད་སྐབས་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱས་པ། ལྷག་པར་དུ་ཁམས་རྟའུ་ས་ཁུལ་དུ་འཁྲུངས་སྐར་སྲུང་གཙིའི་སྐབས་རྒྱ་དམག་གིས་མི་མང་ལ་རྡུང་རྡེག་དང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པ། དེ་བཞིན། ནག་ཆུ་ཤག་རོང་པོ་དགོན་གྱི་བླ་མ་ཟླ་བ་རིན་པོ་ཆེས་༧གོང་ས་མཆོག་ལ་འབྲེལ་བ་གནང་ཡོད་པའི་ཉེས་འཛུགས་འོག དགོན་པའི་ལས་སྣེ་འཛིན་བཟུང་དང་དགོན་པ་སྒོ་བརྒྱབ་པ་སོགས་ལ་བརྟེན་ཏེ་དགེ་འདུན་པ་ཞིག་གིས་རང་ཤི་རྒྱག་དགོས་བྱུང་པ་སོགས་ཀྱིས་རྒྱ་གཞུང་གིས་ཤོད་བཞིན་པའི་ཆོས་ལུགས་དད་མོས་ལ་འགྲེལ་བཤད་རྒྱག་གི་ཡོད་སྐོར་སོགས་བཀོད་འདུག

 

keyboard_arrow_up