འདོན་སྤེལ། ༢༠༡༣/༠༣/༡༠

དེ་རིང་སྔ་དྲོར་ངྷ་ས་གཙུག་ལག་ཁང་དུ་གསུམ་དུས་ང་བཞི་བ་སྲུང་གཙིའི་མཛད་སྒོ་ཚོགས་ཏེ། སྤྱི་འཐུས་དང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ད་དུང་ལས་འགུལ་མང་དག་ཅིག་སྤེལ་འཆར་ཡོད་སྟབས་ཚང་མས་རྒྱབ་སྐྱོར་གནང་རོགས་ཟེར།

དེ་རིང་ནི་མི་ལོ་ང་བཞིའི་སྔོན་གྱི་བོད་མིའི་སྒེར་ལངས་ཉིན་མོ་ཡིན་པ་ལྟར། ད་ནང་ཞོགས་པའི་ཆུ་ཚོད་ ༩།༠༠ བའི་ཐོག་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིོང་གཙུག་ལག་ཁང་དུ། གསུམ་བཅུའི་དུས་དྲན་ཐེངས་གཉིས་པ་དེ་སྲུང་གཙི་གནང་སོང་། དུས་དྲན་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་དང་ཁྲིམས་ཞིབ་པ་གཞན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་དང་དམངས་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ཐའེ་ཝན་བོད་རྒྱ་འབྲེལ་མཐུད་ཚོགས་པའི་རྒྱ་རིགས་སྐུ་ཚབ་དང་། ཨོ་སི་ཊི་རི་ཡར་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་སྐུ་ཚབ། དེ་བཞིན། བཞུགས་སྒར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་ས་ཉེ་འཁོར་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་གྲྭ་བཙུན་སློབ་ཕྲུག སེར་སྐྱ་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་གནང་སོང་།

མཛད་སྒོ་དབུ་འཛུགས་སྐབས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོས་རྔ་རོལ་དང་བཅས་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཤིང་། ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་རྒྱལ་གླུ་གྱེར་འདོན། སྐར་མ་གཅིག་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་ཤིང་། སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ཀྱིས། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་བོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་བཞེངས་པའི་རྒྱལ་བ་རིགས་ལྔའི་ཞལ་ཐང་དབུ་འབྱེད་གནང་རྗེས། སྤྱི་འཐུས་ཚོགས་གཞོན་དང་སྲིད་སྐྱོང་རྣམ་གཉིས་ཀྱིས་གསུང་བཤད་སྒྲོག་སྦྱོང་གནང་ཡོད།

སྐབས་དེར་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སྐབས། ད་རེབ་ནས་བཟུང་གསུམ་བཅུའི་དུས་དྲན་ཉིན་བོད་མིའི་སྒེར་ལངས་ཉིན་མོར་སྲུང་གཙིའི་ཐོག བོད་ཕྱི་ནང་གཉིས་སུ་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱི་རྗེས་དྲན་ཆེད། རྒྱལ་གཅེས་དཔའ་བོའི་ཉིན་མོར་ཡང་ལྷན་གཅིག་སྲུང་གཙི་ཞུ་རྒྱུ་ཡིན་སྐོར་བསྒྲགས་སོང་། སྤྱི་འཐུས་ཀྱི་གསུང་འཕྲིན་ནང “རྒྱ་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་འོག་ད་ལྟའི་ཆར་དཔལ་འབྱོར་གྱི་ཁེ་ཕན་ཡོད་སའི་བོད་ཀྱི་གྲོང་ཁྱེར་ཆེ་ཁག་དང་གྲོང་བརྡལ་ཁག་ཏུ་བོད་མི་རྣམས་སྤྱི་ཚོགས་ཀྱི་མཐར་ཕུད་དེ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་ནི་ཆེས་ཛ་དྲག་པའི་གནས་སྟངས་ཤིག་ཆགས་ཡོད” ཅེས་དང་། “དེ་རིང་གི་དུས་དྲན་འདི་བརྒྱུད་ནས་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱར་སྙིང་ཐག་པ་ནས་གུས་བཀུར་དང་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།” “རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་དང་འབྲེལ་བ་ཡོད་པར་བསྙད་བཏགས་ཏེ་བོད་མི་མང་དག་ཅིག་འཛིན་བཟུང་གིས་ཁྲིམས་ཐོག་ནས་ཉེས་ཆད་གཅོད་རྒྱུ་ལ་སོགས་པའི་དམ་དྲག་དང་བརྙས་གཙེར། སྡུག་སྦྱོང་ཚོད་མེད་གཏོང་བཞིན་པ་དེས་རྒྱ་ནག་གཞུང་ལ་དངོས་ཐོག་བདེན་འཚོལ་གྱིས་བོད་མིའི་མངོན་འདོད་བསྐང་རྒྱུའི་བསམ་བློ་རྩ་བ་ནས་མེད་པ་གསལ་པོ་ཆགས་ཡོད།” “ད་བར་རྒྱ་གཞུང་གིས་གདུག་རྩུབ་ཆེ་རུ་གཏོང་བ་ལས་དཀའ་སེལ་གྱི་ཐབས་ལམ་གང་ཡང་བསྟེན་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སེམས་འཚབ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་པ་ཙམ་ལས། འཛམ་གླིང་ཐོག་སྔར་བྱུང་མ་མྱོང་བའི་ད་ལྟའི་བོད་ནང་གི་ཡ་ང་བ་དང་ཛ་དྲག་གི་གནས་སྟངས་འདི་ལྟ་བུར་སུས་ཀྱང་ནུས་པ་དངོས་སུ་ཐོན་ཐུབ་པའི་འགུལ་བསྐྱོད་གནང་མ་ཐུབ་པར་བོད་མི་ཚོ་བློ་ཕམ་ཆེན་པོ་ཡོད”ཅེས་དང་། དེ་སྔོན་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་བོད་དོན་ཞུ་གཏུག་ལས་འགུལ། ལྡི་ལིའི་བོད་མིའི་གདུང་སེམས་མཉམ་སྐྱེད་སོགས་ལ་རྒྱབ་སྐྱོར་གནང་བར་ཡི་རངས་དང་། ད་དུང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལས་འགུལ་མང་དག་ཅིག་མི་སྤེལ་ཐབས་མེད་ཡིན་སྟབས་ཚང་མས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་བྱུང་།

གསུང་བཤད་ནང་རྒྱ་གཞུང་གི་མགོ་འཁྲིད་ཚོར་གཉིས་ཕན་གྱི་དགོས་འདུན་དོན་ཚན་ ༤ བཏོན་ཡོད་པ་ནི། ༡༽རྒྱ་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་སེལ་འོས་པ་དང་སེལ་དགོས་པ། སེལ་ཐུབ་པ་བཅས་ལ་ངོས་འཛིན་གྱིས་གཉིས་སྨན་དབུ་མའི་ལམ་གྱི་སྒོ་ནས་ཞི་མོལ་འཕྲལ་ནས་མྱུར་དུ་མགོ་འཛུགས་བྱ་དགོས། ༢༽ད་ལྟ་བོད་ནང་དུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་སྤྱི་དང་། རང་ལུས་མེར་བསྲེཊ་ཀྱིས་བོད་མིའི་རྩ་ཆེ་ཚེ་སྲོག་ཤོར་བཞིན་པ་རྣམས་སྐྱོབ་ཆེད། རྒྱ་ནག་གཞུང་གིས་དངོས་ཐོག་བདེན་འཚོལ་དང་བློ་བཟུ་བོའི་སྒོ་ནས་ཞིབ་འཇུག་བྱ་དགོས་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་ལམ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བོད་ནང་འགྲོ་འཇུག་དགོས། ༣༽རྒྱ་གཞུང་གིས་ད་ལྟའི་བོད་ནང་དུ་མཁྲེགས་འཛིན་དང་དྲག་རྩུབ་ཅན་གྱི་སྲིད་བྱུས་འཛིན་བཞིན་པ་རྣམས་འགྱུར་བ་མ་བཏང་ཚེ། རྒྱ་གཞུང་དང་བོད་མི་རིགས་བར་འགལ་ཟླ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ་བས། དྲག་རྩུབ་ཅན་གྱི་སྲིད་བྱུས་རྣམས་མཚམས་འཇོག་ངེས་པར་དུ་བྱ་དགོས། ༤༽ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ལ་རྒྱ་གཞུང་ནས་རྒྱུས་ལོན་ཐོག བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་པར་སྲུང་སྐྱོབ་དང་། མི་རིགས་དབྱེ་འབྱེད་དང་དྲག་གནོན་མནར་གཅོད་སོགས་མཚམས་འཇོག་གིས་༸ཀུན་གཟིཊ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་ཀྲོལ་གཏོང་དགོས། ” ཞེས་སོགས་རེད།

མཇུག་ཏུ་ཚོགས་གཞོན་མཆོག་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་མིར་སྡུག་སྦྱོང་གཏོང་བཞིན་པར་རྒྱང་བལྟ་མིན་པར། རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམ་པ་དང་གཞུང་གི་འགན་འཛིན་བཅས་ཀྱིས་ལངས་ཕྱོགས་གསལ་བོའི་སྒོ་ནས་ནུས་པ་ཐོན་པའི་བྱེད་ཐབས་ཇི་ཡོད་རྩོམ་རྒྱུ་དང་། བོད་མི་ཚོས་ཀྱང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱིས་བོད་དོན་ཆེད་འགན་མཉམ་སྤུངས་བྱ་རྒྱུ་ལས། འགན་འཁུར་མེད་པའི་གཏམ་བཤད་དང་འབྲི་རྩོམ། བརྒྱུད་ལམ་ཁག་ཏུ་དངོས་ཡོད་དང་མི་མཐུན་པའི་རིགས་ཁྱབ་སྤེལ་མི་བྱ་བར་ཁ་ཕྱོཊ་གཅིག་ཏུ་བསྒྱུར་ཏེ་གཞིས་བྱེས་གཉིས་ཀྱི་མངོན་འདོད་བསྒྲུབ་པའི་ཐབས་ལ་འབད་དགོས་པའི་འབོད་སྐུལ་གནང་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་གིས་བཀའ་ཤག་གི་ཡོང་ཁྱབ་གསུང་བཤད་སྒྲོགས་སྦྱོང་གནང་བའི་ནང་། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་མི་ ༡༠༧ ཀྱིས་རང་ལུས་མེར་བསྲེཊ་བཏང་བ་དང་། ༢༠༡༢ ལོའི་ཕྱི་ཟླ་ ༡༡ པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་སྐབས་ཁོ་ནར་ ༢༨ གྱིས་མེར་བསྲེཊ་གནང་སྟེ་ད་ལྟའི་བར་བོད་མི་ ༩༠ འདས་གྲོངས་སུ་གྱུར་ཡོད་པ་དེ་ནི། ཉེ་བའི་ལོ་རྒྱུས་ནང་འཛིམ་གླིང་ས་ཕྱོགས་གང་དུའང་བྱུང་མ་མྱོང་ཞིག་ཡིན་པ་དང་། རང་ལུས་མེར་སྲེག་གནང་མཁན་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་། དེ་བཞིན་ཞིང་པ་དང་། འབྲོག་པ། སློབ་ཕྲུག་བཅས་བོད་ཀྱི་རྒྱལ་ས་ལྷ་ས་ཐེ་བའི་ཆོལ་ཁ་གསུམ་གྱི་ནང་བྱུང་ཡོད” ཅེས་བཀོད་འདུག

མུ་མཐུད་དོན། “ ང་ཚོས་བརྒྱུད་ལམ་སྣ་ཚོགས་ཐོག་རང་ལུས་མེར་བསྲེཊ་མ་གནང་རོགས་ཞེས་ཁ་གསལ་པོའི་སྒོ་ནས་འབོད་སྐུལ་རིམ་པ་ཞུས་ཡོད། མིའི་ཚེ་སྲོག་ནི་རིན་ཐང་བྲལ་བ་ཡིན་སྟབས། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དེ་ལྟར་ཚེ་སྲོག་བློས་མ་བཏང་ན་བསམ་གྱི་ཡོད། མེར་བསྲེཊ་མཚམས་འཇོག་བྱ་རྒྱུའི་ཐབས་ལམ་གཅིག་པུ་དེ་ནི། བོད་མིའི་གཞི་རྩའི་རང་དབང་དང་ཆེ་མཐོང་ལ་ངོས་འཛིན་གྱིས་བོད་ལ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བསྒྱུར་བཅོས་གཏང་རྒྱུ་དེ་ཉིད་ཡིན། ” ཞེས་བསྟན་འདུག

བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་ཐད་ཁོང་གིས། “ ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་གསོ་བྱུང་སྐབས་བོད་ནང་བོད་མི་ཚོས་བོད་དོན་དཀའ་རྙོག་སེལ་ཐུབ་རྒྱུའི་རེ་བ་བྱས་པ་དང་། ད་ལྟའི་ཆར་འབྲེལ་མོལ་བར་མཚམས་ཆད་པ་འདིས་བོད་མི་ཡོངས་དང་ཁྱད་པར་བོད་ནང་ཡོད་པའི་བོད་མི་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་དོན་ཐག་གཅོད་བྱ་རྒྱུའི་འདུན་པ་ཡོད་ན། ཁྲིམས་དང་སྒྲིག་གཞིང་གང་གི་ཆ་ནས་དཀའ་ངལ་འཕྲད་གཞི་མེད། རྩ་ཁྲིམས་དོན་ཚན་ ༣༡ གཞིར་བཟུང་ཧོང་ཀོང་དང་མེ་ཀའོ་ཡི་གནད་དོན་ཐག་གཅོད་བྱེད་ཆེད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་ལོགས་སུ་བསྐྲུན་ཡོད། དེ་མཚུངས་ཐའེ་ཝན་ཐད་ཀྱང་རྒྱ་ནག་གི་མགོ་ཁྲིོད་ཚོས་བཀའ་ཤག་རིམ་པའི་ཚོགས་ཆུང་འཛུགས་རྒྱུའི་ཆབ་སྲིད་ཀྱི་འདུན་པ་གསལ་བོ་བསྟན་ཡོད། འོན་ཀྱང་། བོད་དོན་ཐོག་རྒྱ་ནག་གི་མགོ་ཁྲིད་ཚོས་ཆབ་སྲིད་ཀྱི་འདུན་པ་དང་ཞི་འགྲིག་བྱ་རྒྱུའི་ཐབས་ལམ་གསལ་སྟོན་བྱས་མེད། ང་ཚོའི་ངོས་ནས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན། རྒྱ་ནག་གི་མགོ་ཁྲིད་ཚོར་ས་གནས་དང་དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད། ” ཅེས་གསུངས་བྱུང་།

མཇུག་ཏུ་ཁོང་གིས། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་ཡོང་ཐབས་དང་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་རྒྱུ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འགན་འཛིན་བོད་ནང་ཕེབས་འཇུག་དགོས་པའི་འབོད་སྐུལ། ད་ལྟའི་གཉན་འཕྲང་གི་དུས་འདིར་བོ་དམི་ཚོས་སྔར་ལས་ལྷག་པའི་ནུས་ཤུཊ་ཆིག་སྒྲིལ་བྱས་ཏེ་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་གནང་སོང་། དུས་བབ་ལས་བཏུས།

keyboard_arrow_up