གཟའ་པ་སངས་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་མི་སྣ་ཕའེ་ལའེ་ལགས་ཀྱིས། བོད་དོན་ཐད་རྒྱ་གཞུང་ལ་འབོད་སྐུལ་གནང་ཡོད་འདུག

དེ་རིང་ཕྱི་ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་ཆེས་མཐོའི་མི་སྣ་ཕའེ་ལའེ་ (Pillay) ལགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ།  རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་སྤྱད་དེ་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེས། ནམ་ཡང་བོད་མིའི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་བཟོ་ཐབས་བྲལ་བ་གསལ་བཤད་དང་སྦྲགས།   ཁོ་མོས་ “ བོད་མི་ཚོས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ།  འདི་ལྟ་བུའི་བཟོད་དཀའི་བྱེད་ཐབས་སྤྱོད་བཞིན་པ་ངས་ཤེས་ཚོར་ཐུབ་ཀྱི་འདུག” ཅེས་བརྗོད་དེ།  རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་གནས་སྟངས་ཐད་ལྟ་སྟངས་རྣལ་མ་ཞིག་འཛིན་དགོས་སྐོར་ནན་སྐུལ་བྱས་འདུག

བསྒྲགས་གཏམ་སྤེལ་སྐབས།  ལྕམ་ཕའེ་ལའེ་ལགས་ཀྱིས་རང་ལོ་ ༡༧ ཅན་གྱི་བོད་པའི་བུ་མོ་ཞིག་གིས་བོད་རང་དབང་སྐོར་གྱི་སྦྱར་ཡིག་བཀྲམས་པ་ལ་བརྟེན་ནས། ཁོ་མོར་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བྱས་པ་མ་ཟད། ལོ་ ༣ གྱི་དུས་བཀག་བཙོན་འཇུག་བྱས་ཡོད་པ་དམིགས་བསལ་གྱིས་གླེང་སློང་བྱས་པའི་ཐོག་ནས།  ཞི་བའི་ཐོག་ངོ་རྒོལ་བྱེད་མཁན་བོད་མི་རྣམས་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ། ཚད་ལས་བརྒལ་བའི་དྲག་གནོན་བྱས་པ།  བོད་མི་རིགས་ཀྱི་རིག་གཞུང་བདག་དབང་ལ་ཚད་བཀག་བྱེད་བཞིན་པ་བཅས་ཐེར་འདོན་བྱས་ཏེ། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་སྐོར་བསྒྲགས་འདུག

དེ་བཞིན།  ལྕམ་ཕའེ་ལའེ་ལགས་ཀྱིས་ “རྒྱ་ནག་གཞུང་གིས་ཞི་བའི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་འཇོག་བྱས་པའི་ཐོག་ནས། ཉེས་མེད་འཇུ་བཟུང་འོག་བཙོན་དུ་ཚུད་ཡོད་པའི་བོད་མི་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།”  ཅེས་བརྗོད་འདུག

keyboard_arrow_up