སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་གཟབ་རྒྱས་ངང་སྐོང་ཚོགས་གནང་བ།

༢༠༡༢ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༤ ནས་ ༢༢ བར་ཉིན་གྲངས་དགུའི་བོད་མིའི་སྒྲིག་འཛུགས་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཡང་སྟེང་གི་ཚོམས་ཆེན་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱྲི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། ངས་ཐོག་མར་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།

དེ་རིང་གྲོས་ཚོགས་ཀྱི་ལས་རིམ་འགྲེལ་བཤད་ཞུས་ན་ཕལ་ཆེར་འདིའི་ནང་ཆ་ཚང་བའི་གནས་སྟངས་ཤིག་ཆགས་ཡོད། ལས་རིམ་གྱི་ནང་ཐོག་མར་བོད་ནང་ད་བར་རང་ལུས་མེར་སྲེག་གཏོང་གནང་མཁན་ ༥༡ དང་འདས་གྲོངས་སུ་གྱུར་བ་ ༤༡། དེ་བཞིན་གནས་སྟངས་ཁ་ཤས་གསལ་པོ་མ་ཆགས་པའི་རྐྱེན་གྱིས་གནས་ཚུལ་བཀོད་མ་ཐུབ་པ་དེ་འདྲ་ཡང་ཡོད། དེའི་རྐྱེན་པས་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཆགས་ཡོད་མེད། རང་ལུས་མེར་སྲེག་གཏོང་མཁན་ཙམ་མ་ཡིན་པར་ཁོང་རྣམ་པའི་ནང་མི་དང། བཞུགས་སའི་ས་གནས་མི་མང་ཚང་མ་དཀའ་ངལ་ཆེན་པོ་ཞིག་གི་འོག་གནས་ཡོད།

ལྷག་པར་རྒྱ་ནག་གི་ངོས་ནས་གདོང་ལེན་བྱེད་སྟངས་དེ་གཉའ་གནོན་བཤུ་གཞོག་ཁོ་ན་མ་གཏོགས་བོད་ནང་གི་དངོས་ཡོད་དཀའ་ངལ་དང་མི་མང་གིས་སོ་སོའི་གཅེས་པའི་སྲོག་ཡན་ཆད་མེར་སྲེག་གཏོང་རྒྱུའི་གནས་སྟངས་དེ་གང་འདྲ་བྱས་ནས་བྱུང་གི་ཡོད་མེད་འཚོལ་ཞིབ་བྱེད་རྒྱུའི་ཐབས་ཤེས་ཁྱོ་ནས་མ་བྱས་པར། མི་མཐུད་གནས་སྟངས་ཇེ་སྡུག་ཏུ་གཏོང་རྒྱུར་དམག་མི་འགྲེམས་འཇོག་ཇེ་མང་དང་སྲིད་བྱུས་དམ་དུ་གཏོང་རྒྱུ་སོགས་ཀྱི་གནས་སྟངས་ཡོང་བཞིན་ཡོད། དེར་བརྟེན་དེ་རིང་ང་ཚོའི་ལས་རིམ་དང་པོའི་ནང་བོད་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཀྱི་གྲོས་འཆར་ཞིག་ཡོད་ལ། འདས་པའི་ཟླ་བ་དྲུག་ནང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཨ་ལག་འཇིགས་མེད་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་དོན་དུ་བཏང་ཡོད། ཉེ་ཆར་ཁོང་སྐུ་ཚེའི་འཕེན་པ་རྫོགས་ཡོད། དེ་བཞིན་སྤྱི་ཟུར་ཉི་བཟང་ལགས་འདས་གྲོངས་སུ་གྱུར་བ་རེད། དེའི་མྱ་ངན་གུས་འདུད་རྗེས་དྲན་གྲོས་འཆར་གྲོས་ཚོགས་ནང་ཡོང་རྒྱུ་ལྷག་ཡོད།

དེ་རིང་ཉིན་དང་པོ་གོང་དུ་ཞུས་པ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་ནས་ཉིན་དང་པོ་དེ་ཆ་ཚང་བ་ཞིག་ད་ལྟ་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་གང་འཛིན་གྱི་ཡོད་མེད་དང། བོད་ནང་གི་ཛ་དྲག་གནས་སྟངས་ཇི་ལྟར་ཆགས་ཡོད་མེད། འཛིན་སྐྱོང་བཀའ་ཤག་དང་བཀུར་འོས་སྤྱི་འཐུས་རྣམ་པའི་ངོས་ནས་དེ་རིང་ཉིན་གང་བགྲོ་གླེང་གནང་རྒྱུ་རེད། གནད་དོན་འདི་གལ་ཆེན་པོ་ཞིག་ཡིན་པར་བརྟེན་དེ་རིང་ཉིན་དང་པོར་བཞག་ཡོད། ཛ་དྲག་གནས་སྟངས་འདིར་བསྟུན་པའི་དམིགས་བསལ་ཚོགས་ཆེན་ཞིག་ཀྱང་བང་སྒྲིག་ཡོད། དེ་བཞིན་ད་བར་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང། འཛིན་སྐྱོང་གི་ལས་བྱེད་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྣམ་པ་ཚང་མས་ད་བར་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ལ་ད་དུང་ཡང་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཡོད། གང་ཡིན་ཞེ་ན། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་འདི་ཙམ་བྱུང་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་དང་། སྤྱིར་བཏང་གི་རྒྱབ་སྐྱོར་བྱེད་མཁན། བོད་པར་ཤ་ཚ་ཡོད་མཁན་མང་པོ་ཞིག་ཡོད་ནའང། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདིར་བསྟུན་པའི་དངོས་གནས་དྲང་གནད་དོན་ལ་འཁེལ་བ་ཞིག་བྱུང་སོང་བསམ་པ་ཞིག་ད་ལྟའང་བྱུང་མེད།

རྒྱ་ནག་གཞུང་གི་ངོས་ནས་ཡིན་ནའང་དུས་མཚམས་དེ་རྒྱ་ནག་འགོ་ཁྲིད་ཚོ་འཕོ་འགྱུར་བྱེད་རྒྱུའི་དུས་ཚོད་འཁེལ་ཡོད། རྒྱ་ནག་གཞུང་གི་ངོས་ནས་བོད་ནང་ལྷིང་འཇགས་ཡོང་རྒྱུར་འདི་ལྟར་བྱེད་ཀྱི་འདུག་བསམ་པའི་ཚོར་བ་ཞིག་བསླེབས་ཀྱི་མི་འདུག དེར་བརྟེན་ང་ཚོས་ལས་འགུལ་སྤེལ་རྒྱུའི་ཐོག་ནས་རེད། ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྤེལ་བའི་ལས་འགུལ་དེ་དག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཕྱིར་བསྒྲགས་བྱེད་རྒྱུ་དེ་རེད། རྩ་བའི་ཚང་མས་མཁྱེན་གསལ་རེད། བོད་པའི་དཀའ་རྙོག་དེ་ཐབས་ལམ་ཇི་འདྲ་ཞིག་གི་ཐོག་ནས་རྩོད་ཀྱི་ཡོད་ཀྱང། རྒྱ་ནག་འགོ་ཁྲིད་དང་ལྷན་དུ་སྐད་ཆ་བཤད་ནས་སེལ་དགོས་པ་ཡིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དུས་ནས་དུས་སུ་ང་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་རོགས་རམ་མེད་ན། རྒྱ་ནག་རང་གི་ངོས་ནས་ང་ཚོར་ཡ་ལན་བྱ་རྒྱུ་ཁག་པོ་ཡིན་པ་མཁྱེན་བཞིན་ཡོད་པར་བརྟེན། ད་བར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་འགུལ་སྤེལ་བ་དེ་དག་ཚང་མ་བསྔགས་བརྗོད་ཞུ་བ་དང་སྦྲགས། དེང་སྐབས་བོད་མི་དམང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་ཨ་རི་དང་ཡུ་རོབ། རྒྱ་གར། ཨོ་སི་ཊོ་ལི་ཡ། ཁེ་ན་ཌ་སོགས་ནང་བོད་མི་ཚོས་རྒྱབ་སྐྱོར་ཧ་ཅང་གནང་བཞིན་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ཐེངས་འདིར་ཕྱི་ཟླ་ ༩ ནང་ཚོགས་བཞིན་པའི་གྲོས་ཚོགས་འདིའི་ནང་གཙོ་བོ་གཅིག་འཛིན་སྐྱོང་བཀའ་ཤག་གིས་འདས་པའི་ལོ་གཅིག་རིང་ཕྱག་ལས་གང་དང་གང་གནང་ཡོད་མེད། དེའི་ལས་བསྡོམས་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུ་དང་། ལས་བསྡོམས་རྒྱས་པ་དེ་སྤྱི་འཐུས་རྒྱུན་ལས་ལ་སྔོན་ནས་ཕུལ་ཏེ་སྤྱི་འཐུས་རྒྱུན་ལས་ཀྱིས་སྡེ་ཚན་གསུམ་དུ་དབྱེ་ནས་ཞིབ་ཚགས་ཐོག་ལས་བསྡོམས་དེ་དག་ལ་རྟོག་ཞིབ་གནང་བའི་སྙན་ཐོ་དེ་ཡང་གྲོས་ཚོགས་ནང་སླེབས་ཀྱི་རེད། དེར་བརྟེན་འཛིན་སྐྱོང་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་ཕྱག་ལས་གནང་བར་མི་མང་ནང་བསམ་ཚུལ་ཡོད་པ་དང། སྤྱི་འཐུས་ནང་དོགས་འདྲི་ཡོད་པ། དེའི་སྐོར་ལ་དགོངས་ཚུལ་གསུང་རྒྱུ་གོ་སྐབས་ཆ་ཚང་ཞིག་ཐེངས་འདིའི་གྲོས་ཚོགས་ནང་ཡོང་གི་རེད། དེའི་བརྒྱུད་ནས་དོགས་པ་དེ་དག་སེལ་ཆེད་འཛིན་སྐྱོང་བཀའ་ཤག་ངོས་ནས་གསལ་བཤད་དང་ལན་འདེབས་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན། ཕྱོགས་མཚུངས་འཛིན་སྐྱོང་བཀའ་ཤག་གི་ངག་ཐོག་ནས་གསལ་བཤད་ཕེབས་ཀྱི་རེད། གསལ་བཤད་དེའི་ཐོག་ལ་གྲོས་ཚོགས་ནང་བགྲོ་གླེང་དང་དོགས་འདྲི་དང་བསམ་ཚུལ་ཞུ་དགོས་རྒྱུ་ཡོང་གི་རེད་ལ། འཛིན་སྐྱོང་བཀའ་ཤག་ངོས་ནས་གསལ་བཤད་དང་ལན་འདེབས་ཉིན་མཐའ་མར་གནང་རྒྱུའི་ལས་རིམ་བང་བསྒྲིགས་ཡོད། བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཁྲིམས་བཟོའི་ལས་དོན་ཁག་གཅིག་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས་དང་གཉིས་པའི་ཐོག་བཙུགས་པའི་ཆེད་འཛུགས་ཚོགས་ཆུང་གཉིས་ཀྱི་ལས་བསྡོམས་སྙན་ཐོའི་ཐེངས་འདིའི་གྲོས་ཚོགས་ནང་ཡོང་རྒྱུ་དང་། དེའི་བརྒྱུད་ནས་བགྲོ་གླེང་ཚར་བའི་རྗེས་ལ་ཁྲིམས་བཟོའི་ལས་དོན་ཁག་གཅིག་ཡོང་སྲིད་པ་རེད། དེ་རིང་གྲོས་ཚོགས་ནང་ལས་རིམ་གལ་ཆེ་བ་གཅིག་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་བཞི་པའི་སྙན་ཐོ་མཇུག་སྐྱོང་ལག་བསྟར་ག་ཚོད་གནང་ཡོད་མེད། འཛིན་སྐྱོང་བཀའ་ཤག་ལ་སྣམ་ཕེབས་ཀྱི་རེད། དེ་ནས་གཙང་མ་བཟོ་དགོས་པ་རྣམས་ཐེངས་འདིར་བཟོ་ཐུབ་པ་ཡིན་ན།

ང་ཚོའི་ལས་འགན་ཆེན་པོ་ཞིག་བསྒྲུབ་པ་རེད་བསམ་བཞིན་ཡོད། རྩ་བའི་རྩིས་ཞིབ་སྙན་ཐོའི་ནང་ལོ་ནས་ལོ་བསྟུད་དེ་ཁྲིམས་སྒྲིག་དང་མ་མཐུན་པ། རྩིས་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད། འགའ་ཤས་ཤིག་ལོ་མང་པོ་ཞིག་འཁྱེར་ཡོད་སྐབས་། འཛིན་སྐྱོང་ལས་བྱེད་ཚོས་ཀྱང་དུས་ཚོད་མང་པོ་ཞིག་བཏང་དགོས་པ་དང། འགྲོ་སོང་ཆ་ནས་ཀྱང་གང་ལ་གང་ཙམ་ཞིག་འགྲོ་བཞིན་ཡོད། དེར་བརྟེན་དེ་རིང་འདིར་འཛིན་སྐྱོང་བཀའ་ཤག་གི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྐབས་བཞི་པའི་སྙན་ཐོ་མཇུག་སྐྱོང་ལག་བསྟར་གང་དང་གང་གནང་ཡོད་མེད། དེའི་ཐོག་ལ་ཐུགས་གཟབ་གཟབ་ཐོག་ནས་གསན་ནས་ད་རེས་གྲོས་ཚོགས་ནང་ཐག་ཆོད་ཐུབ་པ་དེ་དག་ཐག་ཆོད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

ད་རེས་སྤྱི་འཐུས་རྣམ་པ་ཚོས་ཐུགས་འཁུར་ཆེན་པོ་གནང་ནས་དྲི་བ་གང་ལ་གང་ཙམ་ཞིག་འདུག དེ་བཞིན་སྤྱི་འཐུས་མང་པོ་ཞིག་གིས་ཐུགས་འཁུར་ཆེར་བཞེས་ཐོག་སྒེར་གྱི་གྲོས་ཆོད་གྲོས་འཆར་མང་པོ་ཞིག་འདུག དེ་རིང་གྲོས་ཚོགས་འདི་ཉིན་བརྒྱད་མ་གཏོགས་ཚོགས་ཀྱི་མེད། དེར་བརྟེན་དུས་ཚོད་ལ་སོ་སོས་སྟངས་འཛིན་གནང་ཐུབ་ན། ཚོགས་གཙོས་སྟངས་འཛིན་ཞུ་མི་དགོས་པའི་གནས་སྟངས་ཤིག་ཡོང་ཐུབ་རྒྱུ་རེད། གནད་དོན་ཇི་འདྲ་ཞིག་གི་ཐོག་ལ་དགོངས་ཚུལ་གསུངས་པ་ཡིན་ནའང་དོན་ལྡན་ཞིག་ཐུགས་ཕན་གསོ་རྒྱུ་ཡིན་པ་ཞུ་རྒྱུ་ཡིན།

བར་ལམ་ང་ཚོའི་སྤྱི་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཁག་གཅིག་ཐོན་ཡོད། ང་རང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་མིང་ཡོད་མཁན་ཞིག་ལ་ཆ་བཞག་ན། གནས་ཚུལ་དེ་དག་མ་བྱུང་བའི་སྔོན་ནས་འགན་ཁུར་ཏེ་མགོན་པོ་གང་ཉིད་མཆོག་ཐུགས་ཕམ་འབྱུང་གཞི་དེ་དག་ལ་གདོང་ལེན་བྱེད་དགོས་རྒྱུ་ཆགས་ཡོད། ལྷག་པར་མང་གཙོའི་འཕེལ་རིམ་དང་འབྲེལ་བ་ཡོད་པའི་ཐོག་ནས་ཡིན་ན། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་འཁྲི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་སྔོན་མ་འགྲོ་སྟངས་ལྟར་ན། མགོན་པོ་གང་ཉིད་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་མཛད་འགན་བཞེས་སྐབས་བཀའ་རྩ་ཁྱབ་བསྒྲགས་བསྐྱང་རྒྱུའི་ལམ་སྲོལ་ཡོད། བཀའ་རྩ་ཁྱབ་བསྒྲགས་གྲོས་ཚོགས་ནས་ངོས་ལེན་མ་བྱས་པར་ཕྱིར་སློག་བྱས་པ་དེ་འདྲ་ཡང་ཡོད། སྒྲིག་གཞི་དང་ཁྲིམས་ལ་གཏན་འབེབས་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་ཡོད། འོན་ཀྱང་༉༸གོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་དང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན། དེ་བཞིན་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་དང་འབྲེལ་བའི་གནས་ཚུལ་དེ་དག་ཐོག་ནས་མང་ཚོགས་ནང་གི་མི་སྣ་ཁ་བདེ་པོ་ཉུང་ཤས་ཤིག་ནས། རང་ཉིད་ཀྱིས་བྱེད་དགོས་པ་ཏག་ཏག་མ་བྱས་པར་སྤྱི་ཚོགས་ནང་རྒྱུ་མཚན་མེད་པའི་སྐད་ཆ་བཤད་དེ་དཀྲུག་ཤིང་རྒྱག་རྒྱུའི་གནས་ཚུལ་མང་དག་ལ་བརྟེན་ནས་ཡོང་གི་ཡོད། དེ་བཞིན་ང་ཚོ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་སྐབས་རེ་འགྲེལ་བཤད་རྒྱག་སྐབས། སོ་སོའི་འདོད་ཕྱོགས་ཡིན་པ་ལས་གཞན་མ་ཡིན་པའི་འགྲེལ་བཤད་རྒྱག་གི་འདུག ༸གོང་ས་མཆོག་གིས་བཀའ་ཕེབས་ཡོད་ཀྱང་མཐའ་མའི་གཏན་འབེབས་གྲོས་ཚོགས་ནས་བྱས་ཡོད་པར་བརྟེན། མཐའ་མའི་འགན་གྲོས་ཚོགས་ཀྱིས་འཁྱེར་དགོས་པ་རེད་མ་གཏོགས་༸གོང་ས་མཆོག་ཐུགས་ཕམ་བྱུང་གཞི་གནས་ཚུལ་སྤྱི་ཚོགས་ནང་བཤད་ནས་བསྡད་ན་ཏག་ཏག་སྡོད་ཀྱི་མེད། མ་འོངས་པར་དེ་དག་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཁོ་ན་མ་ཡིན་པར་བོད་མི་མང་སྤྱི་འཐུས་ཡོངས་རྫོགས་དང་འཛིན་སྐྱོང་ཚང་མས་གདོང་ལེན་བྱེད་དགོས་པ་ཞིག་རེད། སྤྱི་འཐུས་རྣམ་པ་ཚོ་ས་གནས་ཁག་ཏུ་ཕེབས་སྐབས། སྤྱི་པའི་ལངས་ཕྱོགས་གང་ཡིན་པ་དེ་གསུང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་རང་ཉིད་སྒེར་གྱི་ལངས་ཕྱོགས་བཤད་ན།

བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་བསྒྲུབ་ཀྱི་མེད། མ་འོངས་པར་༸གོང་ས་མཆོག་ཐུགས་ཕམ་མ་ཡོང་རྒྱུའི་གཞི་རྩ་དེ་ང་ཚོས་བསྒྲུབ་དགོས་པ་རེད་མ་གཏོགས་གཞན་སུ་གཅིག་གིས་སྒྲུབ་མཁན་མེད། དེ་རིང་ནས་བཟུང་ང་ཚོས་སླར་ཡང་༸གོང་ས་མཆོག་ཐུགས་ཕམ་མ་ཡོང་རྒྱུའི་གནས་སྟངས་བཟོ་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཟིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་ཡོད། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོར་ལས་འགན་མང་པོ་ཡོད། འོན་ཀྱང་གནས་ཚུལ་དེས་རྐྱེན་པས་ང་ཚོའི་སྤྱི་ཚོགས་དཀྲུག་རྒྱུའི་བྱས་ན་ཕན་ཐོགས་གང་ཡང་མེད། གཙོ་བོ་མི་མང་ནང་གོ་རྟོགས་གསལ་བ་བཟོ་རྒྱུ་གལ་ཆེན་པོ་རེད་མ་གཏོགས། ང་ཚོ་འགན་འཁྱེར་མཁན་དང་དེ་ལྟ་བུའི་གཏམ་བཤད་བྱེད་མཁན་དབར་འཁྲུག་ཐེབས་ན། མི་མང་ནང་རང་བཞིན་གྱིས་འཁྲུག་ཐེབས་ཀྱི་རེད། ༸གོང་ས་མཆོག་གིས་དགོངས་གཞི་གང་འདྲ་ཡིན་རུང་དངོས་ཡོད་ཀྱི་གནས་སྟངས་ལ་ཡུན་རིང་གཟིགས་ཞིབ་དང་བཀའ་བསྡུར་མཛད་ཐོག་ཐུགས་ཐག་གཅོད་གནང་མཛད་ཀྱི་ཡོད། མི་མང་ངོས་ནས་གནས་ཚུལ་དེ་དག་བྱུང་སྐབས། རྒྱུ་མཚན་གང་ཡིན་མ་ཤེས་པའི་སྔོན་ལ་གང་བྱུང་བཤད་ན་འགྲིག་གི་མི་འདུག་བསམ་པའི་བསམ་བློ་འཁྱེར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་བཞིན་གསར་འགོད་བརྒྱུད་ལམ་ཡང་ང་ཚོའི་སྤྱི་ཚོགས་ནང་གལ་ཆེན་པོ་ཆགས་ཡོད། དཀྲུག་ཤིང་ཡོང་ས་མང་པོ་ཞིག་གསར་འགོད་བརྒྱུད་ལམ་ནས་ཡོང་གི་ཡོད་ལ་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཡང་གསར་འགོད་བརྒྱུད་ལམ་གྱིས་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད། དེ་བཞིན་དྲ་རྒྱའི་ཟིན་བྲིས་དང་མཆན་རྒྱག་ས་དེ་ཚོའི་ནང་མིང་དངོས་སུ་སྨྲོས་མི་དགོས་པའི་ཐོག་ནས་སྤྱི་ཚོགས་དཀྲུག་རྒྱུ་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་གི་ཡོད་པའི་གནས་ཚུལ་དེ་རིགས་དྲ་རྒྱ་འཛུགས་སྐབས་དམིགས་ཡུལ་ཞིག་ཡོད་ངེས་ལྟར། དྲ་རྒྱའི་ནང་མ་གཏང་བའི་སྔོན་གནས་ཚུལ་ལ་གཞི་རྩ་ཡོད་མེད་ཞིབ་དཔྱད་གནང་དགོས་པ་རེད་མ་གཏོགས་སྡིངས་ཆ་གཅིག་བསྐྲུན་ཡོད་བསམས་ཏེ། སྡིངས་ཆ་དེའི་ནང་གང་འཁྲབ་ཀྱང་འཁྲབ་བཅུག་ན་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཀྱི་ཡོད་མེད་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུང་བཤད་གནང་སྟེ་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་། དེ་ནས་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་བཅས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་རིམ་བཞིན་ལས་རིམ་སྒྲོགས་སྦྱང་གནང་།

keyboard_arrow_up