ཁ་སང་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་གྱི་ཞོགས་ཀའི་ཆུ་ཚོད་༡༡ སྟེང་། ཡོ་རོབ་རྒྱལ་ཁབ་ཁག་བཅུ་གསུམ་ཙམ་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ལྔ་སྟོང་ལྷག་སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་བྱང་ཕྱོགས་མེ་འཁོར་ས་ཚིགས་(Gare du Nord)ཉེ་འཁྲིས་སུ་འདུ་འཛོམས་བྱུང་རྗེས། ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་བཅས་ཀྱིས་སྣེ་ཁྲིད་འོག་ཆུ་ཚོད་གཉིས་ཙམ་རིང་མི་དམངས་རྣམས་ཀྱིས་སྐད་འབོད་བྱེད་བཞིན་སྤར་སིལ་གྲོང་ཁྱེར་དབུས་ཀྱི་ཐང་ཆེན་Le Mont des Artབར་གོམ་བགྲོད་དུ་བསྐྱོད་པ་དང་། མི་དམངས་རྣམས་ཐང་ཆེན་དུ་འདུ་འཛོམས་བྱུང་རྗེས། གསུམ་བཅུའི་དུས་དྲན་ཐེངས་༥༤ བ་སྲུང་བརྩིའི་ཆེད་མཛད་རིམ་ཁག་གཉིས་བཟོས་ཡོད་པའི་ཐོག་མ་དེ་བཞིན་ཡོ་རོབ་གསུམ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆུང་བདག་ཀོ་རིན་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཐོག་མར་ཁོ་མོས་ཡུ་རོབ་གསུམ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚབ་བྱས་ཏེ་འཚམས་འདྲིའི་གཏམ་བཤད་གནང་གྲུབ་རྗེས་མི་དམངས་རྣམས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་བ་དང་། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱིས་དབུ་འཛུགས་འོག་ཚད་མེད་ཡོན་ཏན་དང་བདེན་ཚིག་སྨོན་ལམ་གྱེར།

རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་གཙོས་རྒྱ་ནག་གི་གདུག་རྩུབ་སྲིད་ཇུས་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་ཆེད་ངག་གཅད་སྐར་མ་གཉིས་རིང་གནང་། དེའི་རྗེས་སྤར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱངས། སྤེལ་ལྗམ་ཧྥུ་ལ་མིའི་ཞི་མངའ་སྡེ་གྲོས་ཚོགས་འཐུས་མིMarc Hendrickx དང་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཡོ་རོབ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན(Thomas Mann)། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཁང་གི་སྦར་སིལ་ཡན་ལག་ལས་ཁང་གི་འགན་འཛིན་སྐུ་ཞབས་(Vincent Metten)། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས། ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་(Henri Malosse) བཅས་ཀྱི་བོད་དོན་གཏམ་བཤད་གནང་བ་དང་། གཞས་མ་གྲགས་ཅན་རྣམ་རྒྱལ་ལྷ་མོ་དང་གཞས་བ་སྣེ་ལུང་ཚེ་རིང་སྟོབས་ལྡན། གཞས་མ་གཏམ་གཏོང་མཁན་གྲགས་ཅན་ཀརྨ་ཨེ་ཆིས་བཅས་ཀྱིས་གླུ་གཞས་རེ་ཕུལ།

མཛད་རིམ་གཉིས་བ་དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཁང་གི་ཡོ་རོབ་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱི་གཙོ་སྐྱོང་གནང་བ་དང་། ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། ཡོ་རོབ་གྲོས་ཚོགས་འཐུས་མི་(Leonidas Donski)། རྒྱ་རིགས་རྩོམ་པ་པོ་དང་སྒྱུ་རྩལ་བ་མོ་ནྰ་ཐང་། ༸གོང་ས་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་དྲ་བའི་ཚོགས་གཙོ(Matteo Mecacci)། ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་Edward McMillan Scott མཆོག་གི་ཕྱག་རོགས་Alexanda Clark བཅས་ཀྱིས་བོད་དོན་གཏམ་བཤད་གནང་བ་དང་། སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཞོན་ཆོས་རིག་ལགས་ཀྱི་སྙན་ངག་གྱེར་འདོན་དང་། སྤེལ་ལྗམ་གྱི་གཞས་བ་ནོར་བུ། གཞས་མ་གཏམ་གཏོང་མཁན་བསྟན་འཛིན་ཟླ་བ་མཚོ་སྣ་ཡིས་༼མིག་ཆུ༽ཞེས་བའི་གཞས་གཏོང་བ་དང་བསྟན་ཀུན་ཡིས་༼ང་ཡིས་སྤུན་ཟླ་འབར་བཞིན་འདུག༽ཞེས་བའི་གཞས་གཏང་།
མཐར་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ཀྱིས་ཡོ་རོབ་གསུམ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་གཏམ་བཤད་གནང་བ་དང་། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་དབུ་ཁྲིད་འོག་བསང་གསོལ་གནང་སྟེ་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།
ཁ་བརྡ་ལས་་བཏུས་།

keyboard_arrow_up