ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་བྷན་ངྷ་ར་ནོར་རྒྱས་གླིང་གི་གཞིས་འགོས་གཙོས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གཞིས་ཁུལ་དེའི་བོད་མི་སེར་སྐྱ་མི་དམངས་སོགས་དད་ལྡན་པ་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ་དོན། ངོས་རང་ཆུང་དུས་ར་སྒྲེང་དང་སྟག་བྲག་རྒྱལ་ཐོག་གིས་གནང་བ་རེད། ཁྱེད་རང་ཚོ་མི་རབས་རྒན་པ་ཡོད་ན་མཐོང་ཐོས་མྱོང་གསུམ་ཡོད་ཤས་ཆེ། སྤྱིར་བཏང་རྒྱལ་ཐོག་སོ་སོའི་གཙོ་བོ་ཞབས་གྲས་ཚོས་ཕྱོགས་ལྷུང་ཐོག་ནས་ཕྱིན་ཡོད། གང་ལྟར་དཔོན་པོ་རེ་ཟུང་གི་ལག་པར་དབང་ཆ་ཡོངས་རྫོགས་ཡོད་སྟབས། ཁྲིམས་ཀྱི་དབང་སྒྱུར་མེད་པར་མི་མང་ཚོར་བཀའ་གཏོང་གི་ཡོད་པ་གཏོགས་མི་མང་ལ་ཞབས་འདེགས་ཞུ་མཁན་ཡིན་བསམས་པ་ཕལ་ཆེར་མེད། ངོས་ཀྱིས་དེ་དུས་ནས་བྱེད་ཕྱོགས་དེར་སྐྱོན་འདུག་བསམས་པ་དྲན་བཞིན་ཡོད། མང་གཙོར་དགེ་མཚན་ཆེན་པོ་ཞིག་ཡོད་པར་བརྟེན། ངོས་ཀྱིས་དགའ་བཞིན་སྤྲོ་བཞིན་དང་དུ་བླངས་ཏེ་དགའ་ལྡན་ཕོ་བྲང་གིས་སྲིད་དབང་འཛིན་རྒྱུ་མཇུག་སྒྲིལ་བྱས་པ་ཡིན།  ང་ཚོ་མང་གཙོའི་འཕེལ་རིམ་དང་ལག་བསྟར་བྱེད་རྒྱུའི་ཐོག་ནས་བརྗོད་ན། པེ་ཅིང་སྲིད་གཞུང་གི་འགྲོ་སྟངས་དང་ང་ཚོ་རྡ་སར་སྒྲིག་འཛུགས་ཆུང་ཆུང་ཞིག་ལས་མེད་ཀྱང་འགྲོ་སྟངས་ཚད་ལོང་བ་ཞིག་ཆགས་ཀྱི་ཡོད། རྒྱ་མི་གུང་ཁྲན་མཁྲེགས་བཟུང་ཅན་ཚོས་ནམ་རྒྱུན་ཞིང་བྲན་ལམ་ལུགས་དང་སྤྱི་ཚོགས་རྙིང་པ། རྗེས་ལུས་རེད། ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རྣམས་གཞི་གང་ཡང་མེད་པ་ཆགས་ཡོད། ངོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་ནས་དགོངས་ཞུ་བྱེད་དགོས་དོན་ནི། ངོས་རང་སེམས་ཤུགས་ཆག་པ་དང་བོད་དོན་རེ་བ་བརླགས་པ་ལྟ་བུའི་ཐོག་ནས་བྱས་མེད། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་རྒྱུ་ཞིག་བྱུང་ཡོད་ཀྱང་ང་ཚོས་འབྲེལ་བ་བྱེད་ཡུལ་དེ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་རེད། ལས་ཁུངས་དེའི་ནང་གི་མི་དེ་དག་བསམ་བློ་རྒྱ་ཆེན་པོ་གཏོང་མ་ཐུབ་མཁན་དང་། རང་ཉིད་ལ་དབང་ཆ་ཡོད་སྟབས་ཧ་ཅང་མཁྲེགས་པོ་བྱས་ནས་སྡོད་མཁན་ཞིག་ཆགས་འདུག་པར་བརྟེན་གང་ཡང་བྱུང་མེད། དུས་ཡུན་དེའི་རིང་ལ་རྒྱ་ནག་གཞུང་དང་ང་ཚོ་འབྲེལ་བ་བྱས་ནས་གྲུབ་འབྲས་གང་ཡང་ཐོན་མེད་ཀྱང་རྒྱ་ནག་མི་དམངས་ཁྲོད་བོད་ཀྱི་གནས་ཚུལ་གོ་རྟོགས་ཡོང་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། ལྷག་པར་ཤེས་ཡོན་ཅན་ཚོའི་ནང་ནས་བོད་ཀྱི་གནས་ཚུལ་ལ་དོ་སྣང་གསར་པ་སླེབས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་འདུག  དཔེར་ན།  འདས་པའི་ལོ་གསུམ་བཞིའི་ནང་ལ་བོད་དོན་སྐོར་རྒྱ་མི་རང་ཉིད་ཀྱིས་བྲིས་ཡོད་པ་རྩོམ་ཡིག་སྟོང་ཕྲག་གཅིག་ཙམ་བྱུང་ཡོད། དེང་སྐབས་རྒྱ་མིས་ང་ཚོར་ཁ་བྲལ་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་ཁ་བྲལ་གང་ཡང་བྱེད་ཀྱི་མེད་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་ཀྱི་ཡིན། ཞེས་བརྗོད་བཞིན་ཡོད། རྒྱལ་པོ་གླང་དར་རྗེས་བོད་ ཁ་བྲལ་ཕྱིན་འདུག དེ་ནས་ལོ་སྟོང་ཕྲག་ལྷག་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་བྱུང་མྱོང་མེད།   རྒྱ་གུང་ཁྲན་གྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་བོད་ཆོལ་གསུམ་གྱི་མི་དམངས་ཚང་མར་གཅིག་སྒྲིལ་གྱི༌ལྷག་བསམ་དང་སེམས་ཤུགས་ཧ་ལས་པ་འདུག དེ་ལྟ་བུ་ཞིག་ཡོད་བཞིན་པ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པར་བརྟེན། ང་ཚོ་ལེགས་ཉེས་སྐྱིད་སྡུག་གང་བྱུང་ཡང་ཆོལ་ཁ་གསུམ་མཉམ་ཟ་མཉམ་འཐུང་དང་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་ཡིན་མ་གཏོགས་ང་ཚོ་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད། མང་ཚོགས་ལ་བསམ་ཚུལ་ཤུགས་ཆེ་ཡོད་སྟབས། མཁྲེགས་བཟུང་བྱེད་མཁན་གྱི་རིགས་ག་ལེར་ག་ལེར་གྲོགས་མེད་ཁེར་རྐྱང་གི་གནས་སྟངས་ཆགས་ཀྱི་འདུག དེ་ལྟ་བུའི་གནས་སྟངས་འོག་ད་ལྟའི་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གསར་པའི་བསམ་བློ་ཕྲན་བུ་གུ་ཡངས་པ་ཡོད་སྐོར་རྒྱ་མི་མང་པོས་ངོས་ལ་བརྗོད་བྱུང་། རིམ་བཞིན་འགྱུར་བ་འགྲོ་གི་ཡོད་པ་ལྟ་བུ་འདུག དེར་བརྟེན་ང་ཚོ་ཚང་མས་དུས་ད་བར་དུ་དཀའ་ལས་བརྒྱབ་སྟེ་ལྷག་བསམ་དང་སྙིང་སྟོབས་ཞུམ་མེད་ཐོག་བསྡད་ཡོད།  གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ནས་ཧ་ལས་པའི་སེམས་ཤུགས་བྱས་ཏེ་བསྡད་པ་རེད། སེམས་ཤུགས་དང་མཁྲེགས་པོ་བྱས་ནས་བསྡད་སྟབས། རྒྱ་རིགས་མི་དམངས་ནང་དང་ལྷག་པར་ཤེས་ཡོན་ཅན་མང་དག་ཅིག་གིས་བདེན་པ་མཐོང་སྐབས། རྒྱ་ནག་གཞུང་གི་སྲིད་བྱུས་ནོར་བའི་བསམ་ཚུལ་ཤུགས་ཆེ་སླེབས་ཀྱི་འདུག དེ་ལྟ་བུའི་ཤུགས་རྐྱེན་འགོ་ཁྲིད་ཚོའི་ཐོག་ལ་ཏན་ཏན་སླེབས་ཀྱི་ཡོད། སྤྱིར་བཏང་ངོས་རང་རྒན་ཡོལ་དུ་ཕྱིན་ཏེ་འགན་མེད་ཀྱང་ངོས་རང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་དྲུག་བར་ངོས་ཀྱིས་འགན་འཁྱེར་ནས་བསྡད་པ་རེད། རྒྱ་བོད་འབྲེལ་བ་བྱེད་རྒྱུའི་དབུ་མའི་ལམ་ཡང་ངོས་ཀྱིས་ཉམས་མྱོང་མང་པོ་ཕྱོགས་བསྡུས་དང་འབད་བརྩོན་བྱས་ཏེ་མཐའ་བསྡོམས་བརྒྱབ་ནས་ཕྱིན་པ་རེད། དེར་བརྟེན་གཏམ་འགོ་ངོས་ཀྱིས་བཙུགས་སྟབས་མི་མང་ཚོར་གསལ་བཤད་མ་བྱས་ན་མི་འགྲིགས་པ་ལྟ་བུ་འདུག  དེང་སྐབས་རང་བཙན་བརྗོད་ན་སེམས་ཤུགས་ཡོད་པ་དང་། རང་སྐྱོང་བརྗོད་ན་སེམས་ཤུགས་མེད་པའི་སྐད་ཆ་ཤོད་མཁན་ཡོང་གི་འདུག དེ་ལྟར་མིན་པས་ཁྱེད་རང་ཚོ་མགོ་སྐོར་ཐེབས་རྒྱུ་མེད། ཁྱེད་རང་ཚོ་རང་བཙན་གྱི་བསམ་བློ་ཡོད་མཁན་ཡིན་ན། རང་བཙན་སྒྲུབ་ཆོག་གི་རེད་ཀྱང་གང་འདྲ་བྱས་ནས་སྒྲུབ་བམ། རང་བཙན་དགོས་ཞེས་སྐད་བརྒྱབ་པ་ཁོ་ནས་འགྲིགས་ཀྱི་མེད། རང་བཙན་སྒྲུབ་ན་དང་པོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་རེད་མ་གཏོགས་འཆམ་མཐུན་དང་སྐད་ཆ་བཤད་ནས་ཡོང་རྒྱུ་མེད། རྒྱ་མི་དགྲ་ཁ་གཏད་བཟོས་ན་ང་ཚོས་རྒྱ་མིར་ཐུབ་ཀྱི་རེད་དམ་མ་རེད། བསམ་བློ་ཡག་པོ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།

 

keyboard_arrow_up