ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༧༦ ནས་སློབ་གྲྭའི་རེག་ཊར་དང་ངེས་སྟོན་པ། སློབ་སྤྱི། ཆོས་དགེ། དགེ་རྒན་སོགས་ཁྱོན་མི་གྲངས་ ༢༣༢ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་དབུ་འཛུགས་མཛད་སྒོར་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང་སྦྲགས་སྐྱབས་གནས་དགེ་འདུན་གྱི་སྡེ། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་རྣམ་པ། གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་གཞོན་རྣམ་པ། སྤྱི་འཐུས་རྣམ་པ། ཕྱག་སྦྲེལ་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམ་པ། དེ་བཞིན་སྐུ་མགྲོན་དང་ཁྱད་ལས་པ་རྣམ་པ།   དེ་རིང་འདི་གར་ཆེད་མངགས་ཕེབས་པའི་སློབ་ཁག་གི་སློབ་སྤྱི་དང་དགེ་རྒན་རྣམ་པ་ཚང་མར་ཤེས་ཡོན་གྱི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ནས་གཙོས་པའི་སྡིངས་ཆའི་ཐོག་བཞུགས་མཁན་མང་ཆེ་བ་སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཐུབ་པ་ནི་དགེ་རྒན་དང་ལས་བྱེད་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། ཁྱེད་རྣམ་པའི་མི་ཚེ་ཧྲིལ་པོ་ཤེས་ཡོན་ཆེད་བཏང་བ་མ་ཟད། ཁྱེད་རྣམ་པས་ཀུན་སློང་བཟང་པོ་ཞིག་འཁྱེར་ནས་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་བཏང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ཡོངས་ནས་བལྟས་ན་བཙན་བྱོལ་གྱི་ཤེས་ཡོན་གནས་སྟངས་ཧ་ཅང་ཡར་རྒྱས་ཕྱིན་ཡོད། ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་བསྡུར་ཡང་ང་ཚོ་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ཆུང་ཆུང་ཞིག་རེད་ཀྱང། ཤེས་ཡོན་གྱི་གནས་སྟངས་ང་ཚོ་ཡག་གི་ོད། དེ་དག་སློབ་གྲྭ་ཁག་ཏུ་ཡོད་པའི་སློབ་སྤྱི་དང་དགེ་རྒན་ལས་བྱེད་རྣམ་པས་སྐུ་ལས་བསྐྱོན་ནས་་བྱུང་བ་རེད། ན་ནིང་འཛིན་གྲྭ་བཅུ་གཉིས་ཡིག་རྒྱུགས་བརྒྱ་ཆ་དགུ་བཅུ་ལོན་མཁན་སློབ་ཕྲུག་བཅུ་གསུམ་བྱུང་ཡོད། དེ་བཞིན་བརྒྱ་ཆ་དགུ་བཅུ་གོ་ལྔ་ལོན་མཁན་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་གཅིག་བྱུང་ཡོད།  ཉེ་ཆར་ཚོས་ཁང་འདིའི་ནང་འཛིན་རིམ་བཅུ་པའི་སློབ་ཕྲུག་ ༣༡༠ ལ་ཟབ་སྦྱོང་ སྤྲད་ཡོད། གཞི་རྩའི་བོད་པའི་སློབ་ཕྲུག་ཚོ་ཞལ་གསང་པོ་དང་གྲུང་པོ་འདུག་ཀྱང་། ཤེས་རིག་ལས་ཁུངས་ནས་ཚོད་ལྟའི་བོད་ཡིག་དང་དབྱིན་ཇི་ཡིག་རྒྱུགས་གཏོང་སྐབས། བོད་ཡིག་རྒྱུག་སྤྲོད་བརྒྱ་ཆ་ ༦༧ དང་ཚེག་ ༣ བྱུང་ཡོད། དེ་མིན་རྒྱུགས་འཕྲོད་མེད། དེ་བཞིན་དབྱིན་ཇི་རྒྱུགས་སྤྲོད་བརྒྱ་ཆ་ ༥༠ དང་ཚེག་ ༢ བྱུང་ཡོད། གཞན་རྒྱུགས་འཕྲོད་མེད། ད་དུང་ཡར་རྒྱས་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་འདུག ན་ནིང་ཉིན་ང་ཚོས་ཨ་རིའི་ཚོགས་པ་ཞིག་དང་མཉམ་འབྲེལ་བྱས་ནས་ཁོ་ཚོ་འདིར་ཕེབས་ཏེ། དགའ་ལྡན་ཕོ་བྲང་གི་གསོལ་རས་རག་མཁན་སློབ་ཕྲུག་རྩེ་ཕུད་དགུ་ནས་བརྒྱད་ཀྱིས་ཡིག་ཚད་བཏང་བ་རེད། སྤྱིར་བཏང་ཨ་རིའི་སློབ་གྲྭ་ཡག་པོའི་ནང་ཚུད་པར་བརྒྱ་ཆ་ ༩༠ ལྷག་ལོན་དགོས་ཀྱི་ཡོད། འོན་ཀྱང་ཚོད་ལྟ་བྱས་ཏེ་ཡིག་ཚད་གཏོང་སྐབས་བོད་པའི་སློབ་ཕྲུག་ཚོའི་ནང་ནས་བརྒྱ་ཆ་ ༥༡ མཐོ་ཤོས་རེད། བསྐྱར་དུ་དགའ་ལྡན་ཕོ་བྲང་གི་གསོལ་རས་རག་མཁན་ཚོར་ཡིག་ཚད་གཏོང་སྐབས། ཡར་རྒྱས་ཕྱིན་ཡོད་ཀྱང་མཐོ་ཤོས་བརྒྱ་ཆ་ ༦༠ ལྷག་ ཡིན་སྟབས། ཨ་རིའི་མཐོ་སློབ་ཁག་ཏུ་ཐད་ཀར་ཚུད་པར་བརྒྱ་ཆ་ ༣༠ འདང་གི་མེད། ན་ནིང་ང་ཚོའི་སློབ་ཕྲུག་ཅིག་བཏང་བར་ཧ་ཅང་དམིགས་བསལ་བྱེད་དགོས་བྱུང་ཡོད། འདི་ལོར་གཉིས་གསུམ་གཏོང་རྩིས་ཡོད་པ་དེ་ཚོར་ཡང་ཟླ་ཤས་རིང་མཐོ་སློབ་ཏུ་ཚུད་པའི་དམིགས་བསལ་སྦྱོང་བརྡར་སྤྲོད་དགོས་ཀྱི་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ཁྱིམ་ལོ་གཅིག་འཁོར་བའི་དུས་ཆེན་དང་དམིགས་བསལ་ཚོགས་ཆེན་ཐོག་ལོ་སུམ་ཅུའི་རིང་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་འདུག་ཅེས་བཀའ་སློབ་ཕེབས་ཡོད།  དེར་བརྟེན་བཀའ་ཤག་གིས་ཤེས་ཡོན་གལ་ཆེ་ཤོས་སུ་འཛིན་བཞིན་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་རེ་བ་བསྒྲུབ་རྒྱུའི་ལས་འགན་དམིགས་བསལ་བཙན་བྱོལ་དུ་ཡོད་པའི་བོད་མིར་ཡོད་སྟབས། ཤེས་ཡོན་གོང་འཕེལ་བཏང་བའི་ཐོག་ནས་སྒྲུབ་ཐབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལྷག་པར་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་ནི། རང་དབང་དང་གཞན་ཕན། ལྷག་བསམ། རྒྱུན་འཛིན། མ་འོངས་པའི་སོན་རྩ་དང་འགོ་ཁྲིད་རྣམས་གསར་གཏོད་རིམ་པའི་ཐོག་ལས་དོན་སྒྲུབ་མཁན་དགོས་འདུག་ཅེས་པ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་ཡིན། དེ་དག་བཀའ་ཤག་གིས་གལ་ཆེན་པོ་ རྩི་བཞིན་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ཐོག་ནས་ལག་བསྟར་གནང་སྟེ་གོང་འཕེལ་གཏོང་བཞིན་ཡོད། ཅེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ཆེ་ས་ནས་གཟིགས་ན། བཀའ་ཤག་དང་བོད་མི་སྤྱི་ཡོངས་ཀྱི་འགན་ག་རེ་རེད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་དང་བཀའ་མོལ་གནང་ནས་བོད་དོན་སེལ་ཐབས་རེད། འབྲེལ་མོལ་བརྒྱུད་དེ་བོད་དོན་སེལ་དགོས་ཀྱི་ཡོད། འོན་ཀྱང་དེ་གཞན་དབང་སྟབས་བསྟུན་རེད། ང་རང་ཚོའི་ཕྱོགས་ནས་འབྲེལ་མོལ་གནང་གི་ཡིན་བརྗོད་ནས་ལག་པ་ཕར་ ག་ཚོད་བརྐྱང་ཡང་ཕར་ཕྱོགས་ནས་ཚུར་ལག་པ་མ་བརྐྱང་བ་ཡིན་ན་བྱེད་ཐབས་མེད།  གཉིས་པ། བཀའ་ཤག་གིས་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་དེ་རེད། དེར་གང་ལ་གང་འཚམ་ འབད་བརྩོན་བྱས་པ་ཡིན་ན་ཕྲན་བུ་རྒྱབ་སྐྱོར་རག་བའི་རེ་བ་ཡོད་ཀྱང་། དེ་ཡང་གཞན་དབང་སྟབས་བསྟུན་ཞིག་ཆགས་ཡོད། ཤེས་ཡོན་ལ་ཆ་བཞག་ན། གཞན་དབང་སྟབས་བསྟུན་གཅིག་ཀྱང་མེད་པར་བརྒྱ་ཆ་བརྒྱ་ང་རང་ཚོའི་ལག་པར་ཡོད། ཤེས་ཡོན་ཡར་རྒྱས་གཏོང་མ་ཐུབ་ན། བརྒྱ་ཆ་བརྒྱ་ང་རང་ཚོས་འཐུས་ཤོར་བཏང་བ་རེད་མ་གཏོགས་རྒྱ་ནག་གི་གནོན་ཤུགས་ཀྱིས་འགྲིག་མ་སོང་། ལུང་པ་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག་མི་འདུག་གི་སྐད་ཆ་བཤད་ཡུལ་ལྷག་མེད། དེ་རིང་འདིར་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཕེབས་ཡོད། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ང་ཚོ་ཚང་མའི་འགན་ཆགས་ཡོད། ཤེས་ཡོན་ཡར་རྒྱས་གཏོང་མ་ཐུབ་ན། དེ་རིང་ཚོགས་ཁང་འདིའི་ནང་དུ་ཡོད་པའི་ཚོགས་མི་ཡོངས་ཀྱི་རྐྱེན་ཞིག་ཆགས་ཀྱི་ཡོད། ཚོགས་ཆེན་ཐེངས་དྲུག་པར་ང་ཚོས་གྲོས་བསྡུར་བྱེད་དགོས་པའི་གཙོ་བོའི་དོན་ཚན་གསུམ་ནི། ཤེས་ཡོན་སྲིད་བྱུས་དང་དམའ་རིམ་སློབ་གྲྭ་དགེ་རྒན་ཁྱད་ལས་གོང་མཐོར་གཏོང་ཕྱོགས་སྐོར་གསུམ་ཆགས་ཡོད་པར་བརྟེན་གྲོས་བསྡུར་གཏིང་ཟབ་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།

 

keyboard_arrow_up